སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་དང་འབྲེལ་བའི་ཧོར་གྱི་སྲུང་མ།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-20 11:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
བོད་དང་འབྲེལ་བའི་ཧོར་གྱི་སྲུང་མ།
—གནས་ཆུང་སྒྲ་དབྱངས་གླིང་།
     འབྲས་སྤུངས་དགོན་པའི་གཤམ་ཙམ་ན་གནས་ཆུང་སྒྲ་དབྱངས་གླིང་གནས་ཡོད། མིང་ཁ་ཚང་ལ་དབང་གྲགས་རོལ་བའི་དགའ་ཚལ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་ངམ་གནས་ཆུང་གཡུ་ལོ་བཀོད་ཀྱང་ཟེར། འབྲས་སྤུངས་དགོན་ནས་མར་ཡོང་དུས་གཡོན་ངོས་སུ་དགོན་དེ་ཆགས་ཡོད། དེ་འགྲོ་ཞོར་དུ་སོང་ཆོག་པས་ངེད་གཉིས་དེར་སོང་ནས་མཇལ་སྐོར་བྱས།
     ལོ་ཙཱ་བ་བེ་རོ་ཙཱ་ན་དེར་ཕེབས་སྐབས་སྒྲོ་སྡོང་གཅིག་ནས་ཆོ་འཕྲུལ་བསྟན། དེའི་ཚུལ་སློབ་དཔོན་པད་མར་ཞུ་བས་མ་འོངས་པ་ན་གནས་དེར་དགོན་པ་ཞིག་ཆགས་པ་དང་། ཤིང་དེ་པེ་ཧར་གྱི་བླ་ཤིང་དང་དེའི་འགྲམ་གྱི་མཚེའུ་དེ་པེ་ཧར་གྱི་བླ་མཚོ་ཡིན་གསུངས། ལྷ་སྲས་མུ་ནེ་བཙན་པོས་དེར་དགོན་པ་ཞིག་བཏབ་ནས་དགེ་འདུན་བཞི་སྡེ་བཙུགས། སྦ་དཔལ་དབྱངས་མཁན་པོར་བསྐོས། བསམ་ཡས་ནས་སྒྲོལ་མའི་སྐུ་བརྙན་ཞིག་གདན་དྲངས་ནས་བཞུགས་པས་གནས་ཆུང་གཡུ་ལོ་བཀོད་དང་། བསམ་ཡས་གནས་ལས་ཆུང་བས་གནས་ཆུང་བ་ཡིན་པས་གནས་ཆུང་ཞེས་གྲགས་སྐད།
     ལོར་ཐོག་མར་སྡེ་སྲིད་འཕྲིན་ལས་རྒྱ་མཚོའི་སྐུ་དུས་སུ་ཕྱག་བཏབ། དགོན་པ་དེ་མ་བཏབ་པའི་སྔོན་དུ་དེར་གནས་ཆུང་གི་ལྷ་ཁང་ཞིག་ཡོད། འོན་ཀྱང་གནས་ཆུང་འདིར་ཇི་ལྟར་བྱུང་བའི་ཐད་ལ་བཤད་ཚུལ་མི་འདྲ་བ་དུ་མ་ཡོད།
     བཤད་སྲོལ་ཞིག་ལ་སྔོན་གནས་ཆུང་ཆོས་སྐྱོང་གུང་ཐང་དུ་ཡོད། གུང་ཐང་བླ་མ་ཞང་འགྲོ་བའི་མགོན་པོས་གསེར་ཁང་དགོན་པ་ནས་པེ་ཧར་གྱི་སྟེང་ལ་ཁྲོས་ཏེ་པེ་ཧར་རྟེན་སྒམ་དུ་བསྡུས་ནས་ཆུ་ལ་བསྐུར། ཁོང་ཅིའི་ཕྱིར་ཁྲོས་པ་ཡིན་ནམ། ངག་རྒྱུན་ལ་གུང་ཐང་དགོན་པ་འདེབས་དུས་གནས་ཆུང་གིས་རི་རྩེར་བཏབ་ན་ལེགས་ཞེས་བཤད་པར་མ་གསན་པར་ཀླུང་ལ་བཏབ་པས་ལྷ་བཟོ་རྣམས་བསླུས་ནས་དགོན་པར་མེ་དགྲ་འབྱུང་བའི་རྟེན་འབྲེལ་དུ་སྒོ་འཕྱོར་གྱི་ངོས་སུ་སྤྲེའུ་སྤོས་འཛིན་པ་ཞིག་འབྲི་རུ་བཅུག་པ་ལ་བརྟེན་ནས་ཁྲོས་པ་ཡིན་སྐད། སྒམ་ཆུས་འཁུར་ནས་འབྲས་སྤུངས་ཀྱི་མདུན་དུ་སླེབས་སྐབས་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་མཁན་པོ་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་མཁྱེན་ཏེ་གསོལ་དཔོན་ལ་དེ་རིང་མ་ཀིའི་ཆུ་ཁར་དངོས་པོ་ཁྱད་པར་ཅན་ཞིག་ཡོད། དེ་ཁ་མ་ཕྱེས་པར་འཁྱེར་ཤོག་ཅེས་གསུངས། གསོལ་དཔོན་གྱིས་སྒམ་དེ་རྙེད་ནས་འཁུར་ཏེ་ད་ལྟའི་གནས་ཆུང་གི་ལྟག་ཏུ་འབྱོར་སྐབས་སྒམ་ཇེ་ལྗིད་དུ་སོང་བས། ཡ་མཚན་ཏེ་ཁ་ཕྱེས་པས་དེའི་ནང་གཞན་གང་ཡང་མེད་པར་བྱ་ཕུག་རོམ་ཞིག་སྡོང་སྟེང་དུ་འཕུར་བས། གསོལ་དཔོན་གྱིས་དེ་མུར་མཁན་པོའི་བསླབ་བྱ་དྲན་ནས་བླ་མ་མཁྱེན་ཞེས་ངག་ཤོར་བས་ཕ་བོང་དེར། བླ་མ་མཁྱེན། ཞེས་རང་བྱོན་ད་ལྟའང་མཇལ་རྒྱུ་ཡོད། དེ་ནས་གསོལ་དཔོན་མཁན་པོའི་མདུན་དུ་སོང་ནས་གནས་ཚུལ་དེ་ཞུས་པས། མཁན་པོས་སྲུང་མ་དེ་འབྲས་སྤུངས་དགོན་ནང་གནས་ན་ཤིན་ཏུ་ལེགས་ཀྱང་ད་གནས་ས་ཆུང་སོང་ཞེས་གསུངས་པས། གནས་ཆུང་ཞེས་པའི་མཚན་དེ་ལྟར་བྱུང་ཞེས་གྲགས།
     ང་ཚོས་ལོ་རྒྱུས་ལས་ཁུངས་འདེད་ཐུབ་པ་ནི་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གཞིས་ཀ་སྣེའུར་བཞུགས་སྐབས་མནལ་ལམ་དུ་དན་བག་བརྒྱུད་ཆོས་སྡེ་འདེབས་དགོངས་སུ་ཕེབས་སྣང་ལ་ལྷ་གནམ་ཐེལ་དཀར་བོ་ཡིན་ཟེར་བ་ཞིག་གིས། ཁྱེད་ཀྱིས་འདིར་ཆོས་སྡེ་ཞིག་ཐོབས་དང་། ངས་ཁྱེད་ལ་བཙུན་པ་སྟོང་ཕྲག་གཅིག་འབུལ་ཟེར་བ་ཞིག་བྱུང་བ་དེ་ཡིན་པས་འབྲས་སྤུངས་དགོན་ཐོག་མར་འདེབས་དུས་ནས་དགོན་དེའི་སྲུང་མར་བསྟེན་ཡོད་པ་དེ་རེད།
     འོ་ན་གནས་ཆུང་ཞེས་པ་དོན་དུ་ཆོས་སྐྱོང་ག་འདྲ་ཞིག་ཡིན། ཇི་ལྟར་བོད་ཀྱིས་བསྟེན་པ་ཡིན་ནམ། དེ་ནི་ང་ཚོས་ཆེད་དུ་ཤེས་དགོས་པ་ཞིག་ཡིན། འདིའི་ཐད་དུ་ཕྱི་གླིང་བ་ཨ་ཅེ་ཁོ་བེ་ཚུ་ལགས་ཀྱིས《བོད་ཀྱི་ལྷ་འདྲེ》ཞེས་པར་གསལ་བོར་བཤད་ཡོད་ལ། ཧྥ་རན་སིའི་ཨ་མེ་ཧད་ལེས་ཀྱང་ཞིབ་འཇུག་བྱས་ཡོད། འོན་ཀྱང་བོད་པ་ཚོས་ཁ་ཡ་བྱས་མི་འདུག སླེའུ་ལུང་བཞད་པའི་རྡོ་རྗེས་གཏེར་མའི་བཞེད་ཚུལ་སྣ་ཚོགས་བཀོད་ནས་མགོ་བོ་འཁྲུལ་བར་བྱེད།
     སྤྱིར་ན་སྐུ་མོན་བུ་བུ་ཊ། གསུང་དགྲ་ལྷ་སྐྱེས་གཅིག ཐུགས་བརྒྱ་བྱིན་རྒྱལ་བོ། ཡོན་ཏན་གནོད་སྤྱིན་ཤིང་བྱ། འཕྲིན་ལས་པེ་ཧར་རྒྱལ་བོ་སྟེ་རྒྱལ་བོ་སྐུ་ལྔ་དང་། སྐུ་བདུད་མོ་རོ་ལངས། གསུང་མཛེས་བྱེད་པད་མ་སྐྱེས། ཐུགས་ཤན་ཏིང་རོ་ཟན། ཡོན་ཏན་གསེར་གྱི་སྤུ་གྲི་མ། འཕྲིན་ལས་མགྲིན་བཟང་སྨིན་དཀར་ཏེ་བཙུན་མོ་ལྔ། སྐུ་བྱ་ཁྲི་མིག་གཅིག གསུང་རྡོ་རྗེ་གྲགས་ལྡན། ཐུགས་བཀའ་ཡི་བྱ་ར་བ། ཡོན་ཏན་བྱ་རྒོད་ཐང་ནག འཕྲིན་ལས་པུ་ཏྲ་ནག་པོ་སྟེ་ལྔ་བློན་པོ་ལྔ་ཡོད་པའི་རྡོ་རྗེ་གྲགས་ལྡན་ནི་བློན་པོ་ལྔ་ཡི་གྲས་ཏེ་དེ་དག་ངོ་བོ་གཅིག་ཏུ་བཤད།
     པེ་ཧར་འདི་བོད་ཀྱི་སྲུང་མ་སྤྱན་དྲངས་པའི་ལོ་རྒྱུས་བཀའ་ཐང་ཤེལ་བྲག་མ་ལས་འབྱུང་སྟེ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་ནས་གྲུབ་པའི་དུས། རྒྱལ་བོ་དང་མཁན་པོ་སློབ་དཔོན་གསུམ་གྱིས་དཀོར་བདག་ཅིག་དགོས་པའི་གྲོས་བྱེད་དུས་མཁན་པོས། བདུད་ལ་གཏད་ན་གསོད་པའི་རང་བཞིན་ཡིན། །གཟའ་གཏུམ་ཀླུ་གདུག་བཙན་འཇམ་མ་མོ་འཇིགས། །ཞེས་གསུངས་པ་ལ། སློབ་དཔོན་པད་མས་མ་འོངས་པ་ན་བོད་ལ་ཧོར་ཡུལ་གནམ་ཐེའུ་དཀར་བོའི་དམག་འོངས་ཏེ། བོད་ཐམས་ཅད་མངའ་འོག་ཏུ་འཇུག་པས་ཧོར་གྱི་ཕོ་ལྷ་གནམ་ལྷ་བྱང་ཆུབ་ཡིན་པས་རྒྱལ་བོ་ཤིང་བྱ་ཅན་སྤྱན་དྲངས་ནས་གཏད་ན་དེའི་དུས་གཙུག་ལག་ཁང་མི་འཇིག དེ་སྤྱན་འདྲེན་པ་ལ་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་ཀ་ཅ་འཁྱེར་ཡོང་ན་དེའི་རྗེས་སུ་འབྲང་ནས་འོང་ངེས་ཅེས་གསུངས་པ་བཞིན། རྒྱལ་བོས་དམག་མངགས་ཏེ་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ། ཟས་ནོར་མང་བོ་སྤྱན་དྲངས་ནས་ཡོང་བ་ལ་པེ་ཧར་དེའི་རྗེས་སུ་འབྲངས་ནས་ཡོང་སྟེ། ལ་ལ་སྨྱོ་རུ་བཅུག ལ་ལ་བརྒྱལ་དུ་བཅུག་པ་ལ་སློབ་དཔོན་པད་མས་དམ་ལ་བཞག་ནས་བསམ་ཡས་ཀྱི་དཀོར་བདག་ཏུ་བསྐོས།
     འབྲས་སྤུངས་བདེ་ཡངས་མཁན་པོས་བསྟེན་པ་ནས་གནས་ཆུང་གི་གོ་གནས་ཇེ་མཐོར་སོང་། རྗེས་སུ་དགའ་ལྡན་ཕོ་བྲང་གི་སྲུང་མར་གྱུར་ཏེ། གཞུང་ས་དགའ་ལྡན་ཕོ་བྲང་གི་སྲུང་མ་དམར་ནག་གཉིས་ལས་དམར་བོ་གནས་ཆུང་ཆོས་སྐྱོང་དང་། ནག་པོ་དཔལ་ལྡན་ལྷ་མོ་ཡིན། དེ་ཡང་རྒྱལ་དབང་དགེ་འདུན་རྒྱ་མཚོས་དཔལ་ལྡན་ལྷ་མོ་བསྟེན་པ་དང་། རྒྱལ་དབང་ལྔ་བའི་དུས་དགའ་ལྡན་ཕོ་བྲང་ཐོག་མར་འབྲས་སྤུངས་སུ་ཆགས་པས་གནས་ཆུང་བསྟེན་པ་ལས། རྗེས་དགའ་ལྡན་ཕོ་བྲང་རྩེ་པོ་ཏ་ལར་སྤོས་གནང་ཡང་སྲུང་མ་དམར་ནག་གཉིས་བསྟེན་པ་ལ་འགྱུར་བ་བྱུང་མེད། དགའ་ལྡན་ཕོ་བྲང་ཚུགས་པ་ནས་ཆོས་སྲིད་ཐད་ནས་ཐག་མི་ཆོད་པའི་གནད་དོན་རིགས་གནས་ཆུང་སྐུ་རྟེན་ལ་འདྲི་སྲོལ་ཡོད།
     གནས་ཆུང་དགོན་པའི་ས་འདིར་སྔོན་ཆད་གཡུ་ལོ་བཀོད་དང་སྒྲོ་སྡོང་ལྷ་ཁང་ཞེས་པ་ཡོད་ཅིང་། གནས་ཆུང་དགོན་ནི་སྤྱི་ལོལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཏབ་པ་དང་། སྐབས་དེར་དགེ་འདུན་བརྒྱ་ཕྲག་གིས་ས་དགེ་རྙིང་གསུམ་ཕྱག་བཞེད་མཛད་ཀྱིན་བཞུགས།
     སྔོན་འདུ་ཁང་ཀ་བ་བཅུ་དྲུག་གི་གཙང་ཁང་དབུས་ནང་གསེར་ཟངས་ཀྱི་ཇོ་བོ་མི་ཚད་སོགས་སྐུ་གསུང་ཐུགས་རྟེན་མང་བོ་ཡོད་མོད། རིག་གསར་སྐབས་ཡོད་ཚད་རྙིང་བའི་གྲས་སུ་འཕངས་ནས་རྩ་མེད་དུ་བཏང་འདུག དུས་འདི་དག་ལ་བོད་ཀྱི་ལྷ་འདྲེ་རྣམས་ཀྱི་མགོ་ལ་འཇིགས་པ་དམར་བོ་ཞིག་ཡོང་ཚོད་འདུག ཡིན་ན་ཡང་། ལྷ་འདྲེ་འདི་དག་གིས་ཀྱང་ངང་ཐུང་མ་བྱས་པར་ཡུན་བསྲིངས་པས། དམར་སྲུང་དམག་འགྱོད་བཤགས་བྱེད་མཁན་དང་ཁོང་ཚོས་ལྷ་རྟེན་བཤིག་པ་ལས་བྱུང་བའི་ཆོ་འཕྲུལ་གྱི་སྣང་བ་བྱུང་བ་རྗེས་རབས་པ་རྣམས་ལ་འགྱོད་བཤགས་ཀྱི་ཚུལ་དུ་བཤད་འདུག
     གནས་ཆུང་ཆོས་སྐྱོང་ནི་སྐུ་ཁོག་སེར་མོ་བ་ཞིག་ལ་སྐུ་ཕེབས་ཤིང་། གཞུང་གིས་གནད་ཆེ་བའི་དོན་ཆེན་དང་། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་འཚོལ་བ་སོགས་གནས་ཆུང་ཆོས་སྐྱོང་གི་བཀའ་ལུང་ཇི་ཕེབས་ལ་བརྟགས་པ་བྱེད་སྲོལ་ཡོད་སྟབས་སྐུ་ཁོག་ལའང་ཏ་བླ་མ་ཞེས་དགོན་ནང་གི་དབུ་གནས་མཐོ་ཤོས་ཡིན་པས་མ་ཚད་གཞུང་ས་དང་འབྲས་སྤུངས་སོགས་ལའང་དབུ་གནས་མཐོན་པོ་ཡོད།
     ད་ལྟ་སྔོན་གྱི་འདུ་ཁང་ཐོག་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། གསར་བཞེངས་གནང་བའི་གུ་རུ་སྣང་སྲིད་ཟིལ་གནོན་ཐོག་སོ་གསུམ་ལྡན། སྔོན་པེ་ཧར་གནས་པའི་སྒྲོ་སྡོང་གི་རྩ་བ། ལྷག་ཏུ་འདུ་ཁང་དང་རྭ་སྐོར་ནང་ལྡེབས་རིས་རྙིང་མ་མང་བོ་སོགས་མཇལ་རྒྱུ་ཡོད། དགོན་དེར་གནས་ཆུང་སྤྲེལ་ཟླ་ཞེས་ལོ་འཁོར་བཅུ་གཉིས་ཀྱི་སྤྲེལ་ལོར་བརྟན་མ་དང་གནས་ཆུང་ཆོས་སྐྱོང་དགའ་གདོང་ཆོས་སྐྱོང་བཅས་དབུ་བཞུགས་ཐོག་ཉེ་འཁོར་གྱི་ལྷ་དབབ་རྒྱུ་ཡོད་པ་རྣམས་དངོས་ཡིན་མིན་ལྷ་བསྡུར་བྱས་ཏེ་ལྷ་ངོ་མ་མིན་ན་ཉིན་འདིར་འབེབ་མི་ཐུབ་ཅེས་ཟེར།
     གནས་ཆུང་གི་འོག་ཙམ་ན་དན་བག་རིན་ཆེན་སྒང་གི་གྲོང་སྡེ་ཡོད་པ་དང་། གྲོང་སྡེ་དེའི་ནང་སྐད་གྲགས་ཆེ་ཤོས་ནི་བསྟན་མའི་གཟིམ་ཁང་ཞེས་ལྷ་ཕེབས་མཁན་གྱི་གཟིམ་ཤག་གཅིག་ཡོད་པས་དེ་སྔ་བོད་བཀའ་ཤག་སྲིད་གཞུང་གི་རིམ་བཞིའི་གོ་གནས་ཡོད་པ་དང་། གཙོ་བོ་འབྲས་སྤུངས་དགོན་པའི་བསྟན་སྲུང་བསྟན་མ་རྡོ་རྗེ་དྲག་མོ་དང་། བསྟན་མ་རྡོ་རྗེ་གཡུ་སྒྲོན་མ་སོགས་ཕེབས་ཀྱི་ཡོད། སྐུ་རྟེན་བུད་མེད་ཡིན་པ་དང་། རྒྱལ་དབང་འབྲས་སྤུངས་དགེ་འཕེལ་རི་ཁྲོད་དུ་ཕེབས་སྐབས་བསྟན་མའི་སྐུ་མདུན་དུ་བཅར་ནས་མཇལ་དར་དང་ལྷ་རྫས་སོགས་གནང་སྲོལ་ཡོད། དེའི་ཤར་དུ་བཙན་ཁང་ཞིག་ཀྱང་ཡོད། དེར་གནས་ཡོད་པ་མ་ཟད་ད་དུང་མཚོ་གླང་ཡོད་ཚུལ་དང་། སྐད་ཐོས་མྱོང་བ། ལྕི་བ་མཐོང་མྱོང་བ་སོགས་བརྗོད་སྲོལ་ཡོད།
     སྐབས་འདིར་ངས་གནས་ཆུང་བོད་ཀྱི་ཆབ་སྲིད་བློ་འདོན་པར་གྱུར་པའི་ལོ་རྒྱུས་ནང་བོད་ཀྱི་བསྟན་སྲིད་ལ་བྱས་རྗེས་གང་འདྲ་ཞིག་བཞག་པ་ཤེས་འདོད་མོད། གནས་མཇལ་བའི་ལམ་ཁར་ཞིབ་འཇུག་གི་ལས་སྟབས་མི་བདེ་བས་ཕངས་བཞིན་དུ་མི་བསྐྱུར་ཀ་མེད་བྱུང་སོང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...