སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རུས་སྦལ་གྱིས་འཁུར་བའི་རིག་པའི་ཕོ་བྲང་། ཕ་བོང་ཁ།
རྩོམ་པ་པོ། ཤེས་རབ་བསྟན་དར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-28 9:44:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


རུས་སྦལ་གྱིས་འཁུར་བའི་རིག་པའི་ཕོ་བྲང་།
----ཕ་བོང་ཁ།

     ཕ་བོང་ཁ་ནི་ལྷ་ས་ནས་ཆེས་འགྲོ་འདོད་ས་ཞིག་སྟེ་ལྷ་ས་གྲོང་ཁྱེར་གྱི་བྱང་གི་ཉེ་འགྲམ་ཉང་རའི་ཁུལ་དུ་ཡོད། གནས་འདིར་སློབ་དཔོན་ཐོན་མིས་བོད་ཡིག་གསར་བཏོད་གནང་ནས་ཆོས་སྲིད་རིག་གནས་ཀྱི་སྒོ་མོ་ཕྱེས། འདིའི་མིང་ལ་ཕ་བོང་ཁ་དང་སྐུ་མཁར་མ་རུ་ཟེར་ཞིང་བྱང་ཆུབ་ཤིང་གི་གནས་ཀྱང་ཟེར། བོད་ཀྱི་ལོ་རྒྱུས་དག་ལས་ཀྱང་བོད་ཡིག་གསར་བཏོད་མཛད་སའི་གནས་ནི་ཕོ་བྲང་ཕ་བོང་ཁ་ཡིན་པ་མགྲིན་གཅིག་ཏུ་བཤད། ཕོ་བྲང་དེ་ནི་རུལ་སྦལ་མོ་གན་རྐྱལ་དུ་བསྡད་པ་ལྟ་བུའི་རྡོ་ཕ་བོང་སྟེང་དུ་བརྩིགས་ཡོད་ཅིང་། རུས་སྦལ་ཕོ་དེ་ཅུང་ཉེ་ས་ན་ཡོད་ཅིང་དེའི་སྟེང་དུ་མཆོད་རྟེན་ཞིག་བརྩིགས་འདུག
     བདག་གི་སེམས་ནི་རྒྱང་རིང་ན་ཡོད་པའི་ཕ་བོང་ཁ་ལ་ཤོར་སོང་། དེ་ནི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཉང་རར་ཕོ་བྲང་བཞེངས་ཤིང་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ཕ་བོང་ཁའི་ཕོ་བྲང་དམར་བོ་སྟེ“སྐུ་མཁར་མ་རུ”ཞེས་པ་དེ་རེད། ལྷ་ས་བའི་རྒན་པོ་རྣམས་ཀྱི་ངག་ན་ཕ་བོང་ཁའི་སྐོར་ལ་གཏམ་རྒྱུད་གསོན་ཉམས་ལྡན་པ་མང་བོ་ཞིག་ཡོད་དེ། འོན་ཀྱང་རིག་གསར་གྱིས་སྐུ་མཁར་མ་རུ་དང་བཅས་གནའ་བོའི་གཏམ་རྒྱུད་མང་བོ་རྩ་མེད་དུ་བཏང་།
     ཉིན་ཞིག་གི་ཞོགས་པར་སྲོང་བཙན་སྒམ་པོ་དང་བློན་པོ་རྣམས་རྩེ་ཕོ་བྲང་གི་ཡང་སྟེང་དུ་ཕེབས་ནས་ཕྱོགས་བཞིའི་ཡུལ་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གློ་བུར་དུ་བྱང་ངོས་ཀྱི་བདེ་མཆོག་རིའི་འདབས་ཀྱི་ལྗོན་ཤིང་སྔོན་པོའི་ཁྲོད་དུ་དངོས་པོ་ནག་རིལ་ཆེན་པོ་ཞིག་ཡོད་པ་གཟིགས་ནས་དཔོན་བློན་ཐམས་ཅད་ངོ་མཚར་ཆེན་པོ་སྐྱེས། ཕྱི་ཉིན་སྲོང་བཙན་གྱིས་བློན་པོ་འགའ་ཞིག་ཁྲིད་དེ་བདེ་མཆོག་རིར་ཕེབས། དངོས་པོ་ནག་རིལ་དེ་ནི་ཐག་ཞགས་ཁ་ཤས་ཀྱིས་འཇལ་ཐུབ་ཙམ་ཡོད་པའི་རྡོ་ནག་རུས་སྦལ་འདྲ་བ་ཞིག་ཡིན་པ་མཐོང་པས་སྲོང་བཙན་དགྱེས་ཏེ། “ངས་ས་འདི་ནི་ཁ་ཁུ་སིམ་པོ་ཞིག་འདུག་ལ་རྡོ་ཡི་རུས་སྦལ་འདི་ཡང་ངོ་མཚར་ཅན་ཞིག་འདུག་པས་རྒྱ་གར་ནས་ཕེབས་གྲབས་ཡོད་པའི་ཐུ་མི་ཨ་ནུ་ལ་ཕོ་བྲང་ཞིག་བཞེང་དགོས”ཞེས་བཀའ་བསྩལ།
     བཙན་པོས་བཀའ་ཕེབས་མ་ཐག་སྐུ་མཁར་མ་རུ་བཞེངས་པའི་འགོ་ཚུགས། དེ་གའི་ལས་མི་ཚོས་བཙན་པོས་གཏན་འཁེལ་གནང་བའི་ཐིག་ཚད་ཐོག་རྩིག་རྨང་བརྐོས་པ་དང་གྱང་བརྩིགས། དེའི་ཐོག་ཁྲོ་ཆུ་འཁོལ་མ་བླུགས་ནས་རྡོ་དང་རྩིག་ཁ་ཡུགས་གཅིག་ཏུ་སྦྲེལ། དེ་ནས་རིམ་བཞིན་རྡོ་ནག་རུས་སྦལ་གྱི་སྒལ་སྟེང་དུ་རྩིག་པ་བསླངས་ནས་ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་ཞིག་མྱུར་ཏུ་བཞེངས། རྒྱང་ནས་མཐོང་སྐབས་རུས་སྦལ་གསོན་པོ་ཞིག་གིས་མཆོད་རྟེན་ཆེན་པོ་ཞིག་སྒལ་བར་ཁུར་བ་དང་ཁྱད་མེད་མཐོང་ནས་ཧ་ལས་འགྲོ།

     ཕོ་བྲང་བཞེངས་རྗེས་ཐུ་མི་སམ་བྷོ་ཊ་མཆོག་ཕྱིར་ལྷ་སར་ཕེབས་ཏེ་སྲོང་བཙན་སྒམ་པོའི་བཀའ་བཞིན་སྐུ་མཁར་མ་རུར་བཞུགས་ནས་བོད་ཀྱི་ཡི་གེ་གསར་བཏོད་བྱས། སྲོང་བཙན་དགྱེས་ཏེ་ཐོན་མི་སློབ་དཔོན་དུ་བསྟེན་ནས་ཡི་གེ་བསླབས། བློན་པོ་རྣམས་སྐུ་མཁར་མ་རུའི་ཐང་ཆེན་དུ་བསྐོངས་ནས་དགའ་སྟོན་རྒྱ་ཆེན་པོ་བྱས་ཏེ་བོད་ལ་རང་གི་ཡི་གེ་ཡོད་པའི་ཉིན་དང་བོ་ཡིན་པའི་ཁྱབ་བསྒྲགས་བྱས།
     བདག་གིས་རྡོ་ནག་གི་རུས་སྦལ་སྐུ་མཁར་མ་རུར་ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་ནི་སྔར་བཞིན་འགྱིང་ཡོད་པ་མཐོང་བས་སེམས་པ་ལྷོད་ལ་བབས་ཤིང་། སྐུ་མཁར་མ་རུའི་ཉེ་འགྲམ་གྱི་རིགས་གསུམ་མགོན་པོ་ལྷ་ཁང་ནང་སྲོང་བཙན་སྒམ་པོས་བོད་ལ་ཡི་གེ་ཡོད་པའི་ཁྱབ་བསྒྲགས་གནང་ཉིན་བྲིས་གནང་བའི་ཕྱག་བྲིས་ཕྱག་བསྟར“མ་ཎི་ཡིག་དྲུག”དེ་མཐོང་ཞིང་འདི་ནི་བོད་ཀྱི་ཆོས་སྐལ་དུ་གྲགས་པ་བཞིན་བོད་ལ་སངས་རྒྱས་ཀྱི་བསྟན་པའི་ཐོག་མར་བྱུང་བ་ཡིན་པས་དབང་མེད་སེམས་པ་དགའ་ཞིང་སྐྱོ་བར་གྱུར།
     སྐུ་མཁར་མ་རུའི་སྟེང་ནས་ལྷ་ས་ལ་རྒྱང་ལྟ་བྱས་ན་ཕོ་བྲང་པོ་ཏ་ལ་ངང་གིས་མིག་ལམ་དུ་མངོན་ཡོང་ལ། ཕོ་བྲང་འདི་པོ་ཏ་ལའི་དཔུང་རྒྱབ་ཀྱི་ཚུལ་དུ་གནས་འདུག འདི་ཇི་འདྲའི་དཔྱད་ལེགས་པོ་ཞིག་རེད། རིག་གནས་ཀྱི་དཔུང་རྒྱབ་མེད་པའི་རྒྱལ་རབས་ཤིག་ཇི་ལྟར་གནས་ཨང་།
     སྐུ་མཁར་མ་རུ་ལས་བབས་ནས་རིགས་གསུམ་ལྷ་ཁང་གི་ཉེ་ཁུལ་དུ་གནས་པའི་ཆུ་མིག་དྭངས་ཁྲུམ་ཁྲུམ་ཞིག་ཡོད་པ་དེ་འཐུང་བཞིན་ངལ་གསོ་ཅུང་ཟད་བྱས། གོ་ཐོས་ལྟར་ན་ཆུ་མིག་རང་འདོན་ཟེར་བ་འདི་ནི་ལྷ་སའི་ཆུ་མིག་ཡག་ཤོས་ཏེ། སྔོན་སྲོང་བཙན་སྒམ་པོ་ཐོག་མར་ཕེབས་སྐབས་ཞབས་འོག་ནས་རང་བཞིན་གྱིས་བརྡོལ་ཅིང་། མི་གཅིག་གིས་བཏུང་ན་འདང་ཙམ་ཞིག་དང་མི་སྟོང་གིས་འཐུང་ཡང་འདང་བའི་ཁྱད་ཆོས་ལྡན་སྐད།
     ཕ་བོང་ཁའི་དཀར་ཆག་ཏུ། རྒྱལ་བོ་སྲོང་བཙན་སྒམ་པོ་ཡབ་ཡུམ་རྣམས་ཀྱིས་འདིར་སྒྲུབ་པ་མཛད་དུས་ཞག་གསུམ་ནས་འཕགས་མཆོག་རིགས་གསུམ་མགོན་པོ་ཅིག་ཅར་དུ་ཞལ་གཟིགས་ཏེ་རྒྱལ་བོ་ཁྱོད་ཀྱིས་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་གསུངས་ནས་རྡོ་ལ་ཐིམ་ནས་རྡོ་དེར་རང་བྱོན་དུ་ཕེབས་པ་ཕྱིས་ལྷ་བཟོ་བས་གསལ་དུ་བཏང་། ད་ལྟའང་རིགས་གསུམ་ལྷ་ཁང་དུ་བཞུགས།
     རྗེས་སུ་བཀའ་གདམས་པའི་དགེ་བཤེས་པོ་ཏོ་བའི་དངོས་སློབ་བྲག་དཀར་བ་དང་། ལྷག་པརལོར་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་དགེ་བའི་བཤེས་གཉེན་རིམ་བྱོན་གྱིས་དར་རྒྱས་སུ་མཛད། དགེ་འདུན་བཞི་བརྒྱ་ཙམ་གྱི་ཆོས་སྡེ་བཙུགས། རྒྱལ་དབང་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་ཕོ་བྲང་སུམ་ཐོག་དང་། འཁོན་སྟོན་རིན་པོ་ཆེའི་སྐུ་བརྙན་མི་ཚད་མ་བཞེངས།
     བོད་རིག་གནས་ཀྱི་སྟེང་དུ་བདེ་སྡུག་ཇི་བཞིན་སྐུ་མཁར་མ་རུའི་མགོ་ལ་ཡིད་སྐྱོ་བའི་གནས་ཚུལ་མང་བོ་ཐོན་ཡོད་དེ། གླང་དར་མས་བསྟན་པ་སྣུབ་སྐབས་ཕོ་བྲང་དགུ་བརྩེགས་ཀྱང་མེར་བསྲེགས་ཤིང་། རིག་གནས་གསར་བརྗེའི་སྐབས་གཏོར་མོད། སྟབས་ལེགས་པ་ཞིག་ལ་འདིའི་སྐུ་མང་ཆེ་བ་རྡོ་སྐུ་ཡིན་པས་སྣང་མེད་དུ་གཡུགས་འདུག དེ་དག་ལས་ཀྱང་ཐོན་མིའི་ཡིག་ཕུད་ཡི་གེ་དྲུག་མ་རྩ་མེད་དུ་མ་སོང་བར་མཇལ་བའི་སྐལ་བ་བྱུང་བར་དགའ་བ་དང་སྐྱོ་བ་གཉིས་ཀ་མཉམ་དུ་རྒྱས་བྱུང་།
     ཕ་བོང་ཁ་ནས་ཕྱིར་ཡོང་དུས་དབང་མེད་དུ་གནས་དེར་ཡང་ཡང་བལྟ་དགོས་བྱུང་སྟེ། གནས་དེ་ན་ངས་བློས་མི་ཐོངས་པའི་ཅི་ཞིག་ལུས་ཡོད་པ་འདྲ་ལ། ངའི་སྙིང་གི་དུམ་བུར་གྱུར་པའི་སུ་ཞིག་གིས་བདག་ལ་སྐྱེལ་མ་བྱེད་པ་འདྲ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...