སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་དངུལ་ལས་ཀྱང་རིན་ཐང་ཆེ་བའི་རྡོ།
རྩོམ་པ་པོ། རྒྱ་གྲོལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-13 9:39:00 རྩོམ་ཁུངས། མཚོ་སྔོན་བོད་ཡིག་དྲ་བ། ཀློག་གྲངས།
 འཇིག་རྟེན་ན་རིན་ཐང་མེད་པ་ས་རྡོ་ཡིན་སྐད།ས་རྡོ་དེ་དག་ཀྱང་སྐྱེས་བུ་དམ་པའི་ལག་ཏུ་བརྒྱུད་དུས་ད་གཟོད་རིན་ཐང་གཞལ་དུ་མེད་པ་ཞིག་ཏུ་འགྱུར་ངེས་པར་ཡིད་ཆེས་སམ།ང་ཚོས་རང་གི་བློ་ཚད་མར་བཟུང་བས་དེར་ཡིད་ཆེས་མི་སྲིད།
འོན་ཀྱང༡༩༤༨ལོར་སྐུ་འབུམ་བྱམས་པ་གླིང་དུ་གསེར་དངུལ་ལས་ཀྱང་རིན་ཐང་ཆེ་བའི་རྡོ་ཞིག་བྱུང་།རྡོ་དེ་ད་ལྟ་གང་དུ་ཡོད་དམ།དེ་ངས་གཏན་ནས་བཤད་མི་ཐུབ།
༡༩༤༨ལོར་པཎ་ཆེན་རིན་པོ་ཆེ་སྐུ་འབུམ་དུ་ཅུང་ཟད་བཞུགས་ཡོད།སྐབས་དེར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གུང་ཐང་གསེར་ཁྲིའི་སྤྲུལ་སྐུ་བསྟན་པའི་དབང་ཕྱུག་ཆེད་དུ་ཁོང་ལ་མཇལ་དུ་ཕེབས།ཁོང་གཉིས་མཇལ་མ་ཐག་ཏུ་སུ་ལའང་སྔོན་ནས་འདྲིས་འདྲིས་པ་ལྟ་བུའི་སྣང་བ་ཞིག་བྱུང་སྟེ།དེ་མ་ཐག་ཏུ་ནང་གཏམ་ཡོད་པའི་གྲོགས་པོར་གྱུར།
སྐབས་དེར་པཎ་ཆེན་རིན་པོ་ཆེ་དགུང་ལོ་དགུང་ལོ་བཅུ་གཅིག་དང་།གུང་ཐང་བསྟན་པའི་དབང་ཕྱུག་དགུང་ལོ་ཉེར་གསུམ་ཡིན། ཉིན་ཞིག་ཁོང་རྣམ་པ་གཉིས་རྗེ་གསེར་སྡོང་ཆེན་མོ་དང་མཇལ་དུས་པཎ་ཆེན་རིན་པོ་ཆེས་གུང་ཐང་བསྟན་པའི་དབང་ཕྱུག་ལ།དེ་རིང་རྗེའི་རིན་པོ་ཆེའི་མདུན་དུ་འུ་གཉིས་ཀྱིས་དམ་བཅའ་བྱེད་དགོས།ཉི་མ་ནུབ་ཕྱོགས་སུ་འཇམ་མགོན་རྒྱལ་བའི་བསྟན་པ་སྤེལ་བར་ངས་དམ་བཅའ་བྱེད།མདོ་སྨད་ཕྱོགས་སུ་ཁོང་ཨ་ལགས་རྡོ་རྗེ་འཆང་གི་ཆོས་རྒྱུན་ཐམས་ཅད་ཁྱེད་ཀྱིས་སྤེལ་ཞེས་དམ་བཅའ་དགོས།ངེད་གཉིས་ཀྱིས་དེ་ལྟར་དམ་བཅས་པ་ཡིན་ཞེས་བསྟན་འབར་མ་གསུངས།
ཁོང་གཉིས་ཀྱིས་སངས་རྒྱས་ཀྱིས་བསྟན་པའི་ཆེད་དུ་དམ་བཅའ་བྱས།ཁོང་གཉིས་ཀྱིས་དེ་ལྟར་དམ་བཅའ་བྱས་པ་ནི་མ་འོངས་པར་ཐུགས་ཡུགས་གཅིག་ཏུ་འདྲེས་ནས་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་སྙིང་སྟོབས་ལ་ཞུམ་པ་མེད་པར་བྱེད་པའི་ཆེད་དུ་རེད།
གུང་ཐང་བསྟན་པའི་དབང་ཕྱུག་སྐབས་དེ་ནས་གཞན་ལས་ཁྱད་དུ་འཕགས་པའི་ཡོན་ཏན་ཞིག་ལྡན་པས་མཱ་པུའུ་ཧྥང་གིས་ཁོང་ཆེད་དུ་བསུ་སྟེ་ཟི་ལིང་ནས་ཉིན་འགའ་ལ་ངལ་གསོ་རོགས་ཞེས་ཟི་ལིང་དུ་བསུ་ནས་སྣེ་ལེན་བྱས།ཁོང་ཕྱིར་བླ་བྲང་དུ་ཕེབས་སྐབས་ཆེད་དུ་སྐུ་འབུམ་དུ་པཎ་ཆེན་རིན་པོ་ཆེའི་མཆོག་སྤྲུལ་ལ་མཇལ་དུ་ཕེབས།
པཎ་ཆེན་རིན་པོ་ཆེ་སྐུ་འབུམ་གྱི་བླ་བྲང་རྩེར་བཞུགས་ཡོད།སྐབས་དེར་རྩེའི་མགྲོན་གཉེར་ཆེན་མོ་ཁོང་ཆེད་དུ་མཇལ་བར་ཕེབས་པ་མཐོང་ནས་ཁོང་སྐུ་མཚམས་ལ་བཞུགས་ནས་ཉིན་ཁ་ཤས་འགོར་ཡོད་པས་ད་སྐུ་མཚམས་གྲོལ་ཚོད་རེད།ངེད་ཚོའང་མདུན་དུ་མ་ཐར།ད་སྙན་གསན་འབུལ་ཟེར་ནས་སོང་།
ཅུང་མ་འགོར་བར་ཁོ་ཕྱིར་སླེབས་ནས་ད་ཡར་ཕེབས་ཤོག་གསུངས་པས་མདུན་དུ་ཕེབས།སྦྱིན་སྲེག་གསུངས་ཚར་མ་ཐག་ཡིན་པ་འདྲ་སྟེ།པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེས་རྗེ་འདི་མཐོང་མ་ཐག་ཤིན་ཏུ་དགའ།ཡོངས་འཛིན་གྱིས།འོ་ཁྱོད་རྣམ་པ་གཉིས་ལ་གྲོས་ཤིག་བྱ་རྒྱུ་ཡོད་པ་འདྲ།པཎ་ཆེན་རིན་པོ་ཆེས་ད་ནིང་སྔ་དྲོར་སྦྱིན་སྲེག་མྱུར་དུ་འདོན་དགོས།མགྲོན་པོ་ཞིག་ཕེབས་རྒྱུ་ཡོད་གསུངས།ང་ལ་མགྲོན་པོ་སུ་ཡིན་གསལ་བོར་མ་གསུངས་མོད་ཁྱེད་ཚང་ཡིན་རྒྱུ་རེད་གསུངས།
དེ་ནས་བསྟན་པའི་དབང་ཕྱུག་དང་པཎ་ཆེན་རིན་པོ་ཆེ་དང་མཉམ་དུ་གསོལ་ཚིགས་བཞེས།པཎ་ཆེན་རིན་པོ་ཆེས་རྡོ་ཀ་ར་ཞིག་ཕྱག་ཏུ་བསྣམས་ནས་ང་ལ་འདི་གཅོག་བྱེད་མི་དགོས་ཞེས་བཞད་མོ་གནང་།
གུང་ཐང་བསྟན་པའི་དབང་ཕྱུག་ཚང་གིས་ཀ་ར་ང་ལ་བསྟེར་རྒྱུ་རེད་དགོངས།དེ་ནས་པཎ་ཆེན་རིན་པོ་ཆེས་ཀ་ར་གཅོག་བྱེད་འདི་ན་ཡོད་ཅེས་བཞུགས་གདན་འོག་ནས་རྡོ་ནག་པོ་ཞིག་བླངས་ནས་ཡང་ཡང་བཞད་མོ་གནང་།གུང་ཐང་བསྟན་པའི་དབང་ཕྱུག་ཚང་གིས་དེ་ཅི་རེད་གསུངས་ནས་ཞུས་པ་ན་པཎ་ཆེན་རིན་པོ་ཆེས་རྡོ་དེ་རྗེ་འདི་བའི་ཕྱག་ཏུ་བཞག
རྗེ་འདིས་གཟིགས་པ་ན་རྡོ་དེ་རྩམ་པ་ལག་པས་བཅང་བ་བཞིན་དུ་སྟེང་ན་ཕྱག་རྗེས་གསལ་བར་ཡ་མཚན་པ་ཡོད་པ་གཟིགས་ནས་འདི་ཁྱོད་ཀྱི་ཕྱག་རྗེས་ཨེ་ཡིན་ཞེས་ཞུས་པའི་ཚེ།འདི་ང་ལོ་བརྒྱད་ཀྱི་དུས་མཚོ་སྔོན་ལ་སོང་སྐབས་ཕབ་པ་ཡིན།ད་ལོ་མང་བོར་འགོར་བས་ངའི་ལག་པར་མི་འགྲིགངས་ཁྱོད་ལ་སྟེར་དགོས་སམ་ནས་ཁྱོད་ལ་ཐུག་རག་བར་དུ་བཟུང་ནས་བསྡད་པ་ཡིན།ཁྱེད་ལ་ཨེ་དགོས་གསུངས།
རྗེ་འདི་ཤིན་ཏུ་དགྱེས་ཤིང་དགའ་བ་དང་དད་པ་ལྷན་ཅིག་ཏུ་འཕེལ་ནས།ང་ལ་ལོས་དགོས།ངོ་མ་བཀའ་དྲིན་ཆེ་ཞེས་རྡོ་ལག་ཏུ་བཟུང་།སྐབས་དེར་ཡོངས་འཛིན་རིན་པོ་ཆེ་ཕྱིར་ཕེབས་ནས་གཟིགས་པས་རྩམ་པའི་འཆང་བུ་ནག་པོ་ཞིག་ཨེ་རེད་ཟེར།
གུང་ཐང་རིན་པོ་ཆེས།རྩམ་པ་མ་རེད།རྡོ་ལ་ཕྱག་རྗེས་ཕབ་པ་ཞིག་རེད།ཅེས་ཞུས།ཡོངས་འཛིན་གྱིས་དེ་སུའི་ཕྱག་རྗེས་རེད་ཅེས་དྲིས།རྗེ་འདིས་སྐུ་མདུན་རིན་པོ་ཆེས་ང་ལ་གནང་བ་རེད་ཅེས་ཞུས།
ཁོང་གི་སྐད་ཆ་དེས་བླ་བྲང་རྩེ་འདིར་འུར་ལོང་སེ་བཏང་།གཏམ་དེས་ཡོངས་འཛིན་ཡང་ཧ་ལས་ཤིང་།དེ་མ་ཐག་གཅིག་གིས་གཅིག་ལ་བཤད་པས་གསོལ་དཔོན་ཆེན་མོ།ནང་མ་སྒང་གི་སྐུ་དྲག་སོགས་དེ་མ་ཐག་ཏུ་དེར་འདུས་ཏེ།འདི་ངེད་ཚོ་གཅིག་གིས་ཀྱང་འདི་ལ་མཇལ་མ་བྱུང་ཞེས་ཧ་ལས་ཤིང་ཡ་མཚན་པའི་མིག་གིས་ཞིབ་ཏུ་མཇལ།
སྐུ་དྲག་དེ་ཚོས་པཎ་ཆེན་རིན་པོ་ཆེས་ཁོང་ལ་གནང་བ་གསན་ཏེ།གསེར་ལས་ཀྱང་རིན་ཐང་ཆེ་བའི་སྐུ་ཁྱད་ནོར་འདི་གུང་ཐང་རིན་པོ་ཆེའི་ལག་ཏུ་ཤོར་བར་ཕངས་སེམས་སྐྱེས་ཏེ་འདི་ཁྱོད་ཀྱིས་ཁྱེར་སོང་ན་མི་བཟང་།དེ་ལས་སྐུ་མདུན་རིན་པོ་ཆེས་ཕྱག་རྗེས་གུང་ཐང་རིན་པོ་ཆེ་ལ་གནང་བ་ཞེས་ཡི་གེ་བྲིས་ནས་ཤེལ་སྒམ་ཞིག་ཏུ་བཞུགས་ནས་མཆོད་གྲལ་དུ་བཤམས་ན་ལེགས་ཞེས་ཐབས་གཞན་ཞིག་འཐེན།
ཡིན་ནའང་།གུང་ཐང་རིན་པོ་ཆེ་ནི་དེ་ལྟ་བུས་མགོ་གཡོག་ཐུབ་པ་ཞིག་ག་ལ་ཡིན།འདི་སྐུ་མདུན་རིན་པོ་ཆེས་ང་ལ་གནང་བ་ཡིན་པས་ངས་ངེས་པར་འཁྱེར་དགོས་གསུངས་ནས་ཕྱག་ཏུ་བཟུང་སུ་ལའང་མ་བྱིན་པས་ནང་མ་སྒང་གིས་སྐུ་དྲག་ཚོ་ལའང་ཐབས་ཤེས་ཅི་ཡང་མེད་པར་གྱུར།
དེ་ནས་ཁོང་མྱུར་བར་ཟི་ལིང་དུ་འགྲོ་བའི་ལམ་དུ་ཆས།སྐད་ཆ་དེ་དེ་མ་ཐག་ཏུ་སྐབས་དེའི་གསར་འགྱུར་ཡ་མཚན་པ་ཞིག་ཏུ་གྱུར་པས་མིའི་ངག་དང་ངག་བརྒྱུད་ནས་དེ་མ་ཐག་ཏུ་ཕྱོགས་སོ་སོར་ཁྱབ།
གུང་ཐང་རིན་པོ་ཆེ་ཟི་ལིང་ལ་སླེབས་ནས་་མཱ་པུའུ་ཧྥང་སོགས་ཀྱིས་རྡོ་ཡ་མཚན་པ་དེ་ཁོང་གི་ཕྱག་ན་ཡོད་པ་ཐོས།མཱ་པུའུ་ཧྥང་ནི་མུ་ས་ལིམ་ཆོས་ལུགས་ལ་དད་པའི་དཔོན་རིགས་ཞིག་སྟེ།སྐབས་དེའི་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཡིན།ཁོས་པཎ་ཆེན་རིན་པོ་ཆེས་རྩམ་པ་བཞིན་བརྫིས་པའི་རྡོ་དེ་དོན་ངོ་མ་ག་འདྲ་ཞིག་ཡིན་སྙམ་ནས་དོགས་པ་དང་ཐེ་ཚོམ་མཉམ་དུ་སྐྱེས་ནས་ཁོང་ལ་རྡོ་དེ་ང་ལ་སྟོན་དགོས་ཟེར།
གུང་ཐང་རིན་པོ་ཆེའི་ཐུགས་ལ།མཱ་པུའུ་ཧྥང་དཔོན་བཙན་པོ་ཡིན་པས་འཕྲོག་ཨེ་འགྲོ་སྙམ་ཞིང་།ཐུགས་མ་བདེ་བར་ཁྱོད་ཀྱིས་ང་ལ་ཕྱིར་སྟེར་ན་ངས་བསྟན་ཆོག་ཅེས་གསུངས།ང་ལ་མི་དགོས།ངས་བལྟས་རྗེས་ཁྱོད་ལ་ཕྱིར་སྟེར་ངེས་ཞེས་ཟེར་བས་རྡོ་ཁོའི་ལག་ཏུ་བཞགཁོས་ཞིབ་ཏུ་བལྟས་ནས་སང་ཉིན་ཁྱོད་ལ་སྟེར་ཟེར་ནས་རྡོ་དེ་ཁོས་འཁྱེར་སོང་།
རྗེ་འདིས་ཕྱིར་མི་སྟེར་རྒྱུ་ཡིན་ཨེ་ཡིན་སྙམ་དུ་ཐུགས་འཚབ་ཀྱང་ཕྱིར་ཉིན་རྗེ་འདི་ལ་ཕྱིར་བྱིན་ནས་རྡོ་འདི་དངོས་གནས་ལ་ཡ་མཚན་ཆེ་བ་ཞིག་ཟེར་ནས་ངོ་མཚར་མཚར་བྱེད།
དེ་ནས་གསེར་ལས་ཀྱང་རིན་ཐང་ཆེ་བའི་རྡོ་དེ་ཁོང་གིས་ཉར་ཡོད།སྐབས་འདིར་ང་ཡང་མུ་ས་ལིམ་གྱི་དཔོན་པོ་མཁྲེགས་པོ་མཱ་པུའུ་ཧྥང་བཞིན་དུ་རྡོ་དེར་མཇལ་འདོད་ལྡོག་ཏུ་མེད་པ་ཞིག་བྱུང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...