སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཕོ་བྲང་པོ་ཏ་ལ་མདུན་གྱི་ཁང་ཞིའི་རྡོ་རིང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-21 9:36:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     རྡོ་རིང་དེ་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་བཙུགས་ཡོད། ཁང་ཞིའི་རྡོ་རིང་གི་སྤྱིའི་མཐོ་ཚད་ལ་སྤྱི་ཁྲེ་གསུམ་དང་གྲངས་ཆུང་བདུན་བཞི་ཡོད་པ་དང་། རྡོ་རིང་གི་མདུན་ངོས་ཀྱི་གཡས་ཕྱོགས་སུ་རྒྱ་ཡིག་ཡིག་ཕྲེང་བཅོ་ལྔ་དང་གཡོན་ཕྱོགས་སུ་བོད་ཡིག་ཡིག་ཕྲེང་བཞི་བཅུ་ཞེ་དྲུག རྒྱབ་ངོས་གཡས་ཕྱོགས་སུ་སོག་ཡིག་ཡིག་ཕྲེང་བཅོ་ལྔ་དང་གཡོན་ཕྱོགས་སུ་མན་ཇུའི་ཡི་གེ་ཡིག་ཕྲེང་བཅོ་ལྔ་བཅས་ཡོད། རྡོ་རིང་གི་ཡི་གེ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་ཁྲི་ལོ་དྲུག་ཅུ་པ་བོད་རབ་བྱུང་བཅུ་གཉིས་ལྕགས་གླང་སྤྱི་ལོ1721ལོར་གོང་མ་རང་གིས་བརྩམས་ཤིང་ཡུང་ཀྲེང་ཁྲི་ལོ་གཉིས་པ་ཤིང་འབྲུག་སྤྱི་ལོ1724ལོར་ཡི་གེ་རྡོ་རིང་ཐོག་བཀོད་དེ་བཙུགས་པ་རེད། རྡོ་རིང་ཡི་གེའི་ནང་དུ་སྐབས་དེའི་བོད་ཀྱི་གནས་ཚུལ་རགས་བཤད་ཐོག་གོང་མས་བོད་དུ་དཔུང་དམག་བཏང་སྟེ་སོག་པོ་ཇུན་གར་གྱི་འཁྲུག་ལོང་ཞོད་འཇགས་སུ་བཏང་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།
     དེ་ཡང་བོད་རབ་བྱུང་བཅུ་གཉིས་པའི་མེ་བྱ་སྤྱི་ལོ1717ལོར་སོག་པོ་ཇུན་གར་བ་ཚེ་དབང་རབ་བརྟན་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགྲ་ཤ་ལེན་པ་དང་དགེ་ལུགས་པར་རྒྱབ་སྐྱོར་བྱེད་པའི་མིང་ཁྱེར་ནས་རྟ་དམག་དྲུག་སྟོང་ཙམ་ཁྲིད་དེ་བོད་དུ་དཔུང་འཇུག་གིས་ལོ་གསུམ་རིང་ལྷ་ས་བཙན་བཟུང་བྱས་པ་དང་། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཡང་ཚ་རྒྱལ་པོ་ལྷ་བཟང་དང་། རྙི་མའི་བླ་མ་གྲགས་ཅན་ཁག་གཅིག་བཀྲོངས་པ། རྙིང་ཕྱོགས་ཀྱི་དགོན་སྡེ་མང་པོར་གཏོར་བརླག་འཕྲོག་བཅོམ་བྱས་པ་སོགས་བོད་ཀྱི་སྤྱི་ཚོགས་ལ་ཡོ་འཁྱོམ་ཆེན་པོ་བྱུང་བ་རེད། ཆིང་གི་གོང་མས་བོད་རང་བྱུང་བཅུ་གཉིས་པའི་ས་ཁྱི་སྤྱི་ལོ1718ལོར་ཁང་ཞིའི་ཁྲི་ལོ་ང་བདུན་ནས་ལྕགས་བྱི་སྤྱི་ལོ1720ལོ་ཁང་ཞིའི་ཁྲི་ལོ་ང་དགུ་ལོའི་བར་དུ་བོད་དུ་དམག་དཔུང་སྔ་རྗེས་ཐེངས་གཉིས་བཏང་སྟེ་བོད་ས་གནས་སུ་ཡོད་པའི་ཇུན་གར་བར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་མཉམ་འབྲེལ་བྱས་ཏེ་ལྕགས་བྱི1720ལོའི་ཟླ་བརྒྱད་པར་ཇུན་གར་གྱི་དམག་ཤུགས་ཡོངས་རྫོགས་བོད་ནས་མཐར་སྐྲོད་བཏང་བ་དང་། བོད་ཀྱི་སྤྱི་ཚོགས་བདེ་ལ་བཀོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...