སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་རིག་གནས་བང་མཛོད་ཅེས་གྲགས་པའི། པར་ཁང་ཆོས་མཛོད་ཆེན་མོ་སྲིད་ན་བརྗིད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-11 11:34:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། ཀློག་གྲངས།

སྡེ་དགེའི་པར་ཁང་།

དུས་རབས་གོང་མའི་ལོ་རབས་སུམ་ཅུའི་སྐབས་ཀྱི་སྡེ་དགེ་དང་སྡེ་དགེ་པར་ཁང་གི་རྣམ་པ། 

དུས་རབས་གོང་མའི་ལོ་རབས་སུམ་ཅུའི་སྐབས་ཀྱི་སྡེ་དགེ་དང་སྡེ་དགེ་པར་ཁང་གི་རྣམ་པ། 

དུས་རབས་གོང་མའི་ལོ་རབས་སུམ་ཅུའི་སྐབས་ཀྱི་པར་ཁང་།
     དཔལ་ལྡན་ལྷུན་གྲུབ་སྟེང་ཞེས་ཡོངས་སུ་གྲགས་པ་སྟེ་དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཞེས་པའི་སྲིད་གཞུང་གི་ལྟེ་གནས་སུ་ཐོག་མར་སྡེ་དགེ་རྒྱལ་རབས་བཅུ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་གིས་གཟིམ་ལམ་དང་མཚན་ལྟས། ཕྱི་ནང་གི་རྟེན་འབྲེལ། ཡུལ་གྱི་དགེ་བ། ཁ་དོག་དང་དབྱིབས་སོགས་ལ་བརྟག་ནས་རབ་བྱུང་བཅུ་གཉིས་པའི་ས་བྱ་སྟེ་སྤྱི་ལོ་1729ལོའི་ཧོར་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་རྨང་འདིང་བར་བརྩམས། དེར་མཁས་དང་བཙུན་པའི་ཡོན་ཏན་མི་ཟད་པའི་མཛོད་དུ་གྱུར་པ་རྗེ་བཙུན་ནམ་མཁའ་དཔལ་བཟང་པོས་མཚོན་ཏེ། རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་བའི་གསང་སྔགས་འཛིན་པ་བཅུ་གསུམ་དག་དང་ལྷན་ཅིག་ཏུ་ས་གཞི་མི་མངོན་པ་ལས་སློང་བ་དང་། སྦྱོང་བ། གཟུང་བ། སྲུང་བ་ལ་སོགས་པའི་ཆོ་ག་རྣམས་ཡང་དག་པར་མཛད་པ་དང་། གཏེར་བུམ་གྱི་རིགས་མང་དུ་འཇོག་པ་ལ་སོགས་པས་ས་ཕྱོགས་ཞི་ཞིང་དུལ་བ་མཚོ་ལས་སྐྱེ་བ་གཞོན་ནུའི་འདབ་མ་ལྟ་བུ་ལ་སླར་ཡང་འདོད་དགུའི་དཔལ་འབྱོར་ཟད་མི་ཤེས་པའི་གནས་སུ་བྱིན་གྱིས་བརླབས་ཏེ། བཀའ་འགྱུར་རིན་པོ་ཆེའི་བཞུགས་ཁང་རྟེན་བརྟེན་པ་བཅས་པར་བཞེངས།
     དེ་ནས་སྡེ་དགེ་ཁྲི་ཆེན་བླ་མ་ཀུན་དགའ་འཕྲིན་ལས་རྒྱ་མཚོ་གང་དེས་བསྟན་འགྱུར་རིན་པོ་ཆེ་པར་གསར་སྐྲུན་གེགས་མེད་དུ་གྲུབ་ནས། དེ་ཉིད་བཞུགས་ཁང་གཙུག་ལག་ཁང་ཞིག་བཞེངས་རྩིས་ཀྱི་ཐུགས་བཞེད་ལ་དཔྱད་ཡུལ་རིམ་པ་གསུམ་ཙམ་གང་ལེགས་དང་། ལྷག་དོན་པར་གསར་བཞེངས་མཛད་ཚེ་གེགས་དང་བར་ཆད་ཡོད་མེད་སོགས་དང་ཇི་ལྟར་ལེགས་པ་བཅས་ཀྱི་བརྟག་པ་དགོས་ཚུལ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ལ་བཀའ་ཕེབས་པར། གང་དེས་དཀོན་མཆོག་གསུམ་ལ་གསོལ་བ་སྙིང་ནས་བཏབ་པས་སྔོན་གྱི་བཀའ་འགྱུར་རིན་པོ་ཆེའི་བཞུགས་ཁང་གི་ཉེ་འགྲམ་དེ་ཉིད་དུ་བཞེངས་ན་འཕྲལ་ཕུགས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པ་དང་། ཐུགས་ཀྱི་བཞེད་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་བབ། སྦྱིན་བདག་ཆེན་པོས་ཀྱང་དེ་ལྟར་མཛད་པའི་དགོངས་པར་བཞེད་ནས། རབ་བྱུང་བཅུ་གཉིས་པའི་ཤིང་བྱི་སྟེ་སྤྱི་ལོ་1744ལོའི་ཟླ་བ་གཉིས་པའི་ཚེས་བདུན་ཉིན་སྐར་འཛིན་གྱི་རིམ་པ་མཛད་དེ་དབུ་བརྩམས། དེ་ལའང་ལས་བྱེད་ཀྱི་བཀོད་པ་ཕེབས་པ་ལ་སྡོམ་བརྩོན་མི་བདག་ཆེན་པོའི་ལུགས་བཟང་གསེར་གྱི་ཅོད་པན་སྤྱི་བོར་བཅིངས་ཤིང་། ཀུན་ལ་བླང་དོར་གྱི་གནས་རྣམས་ཚུལ་བཞིན་དུ་འདོམས་པ་ལ་བསྙེངས་པ་དང་བྲལ་བའི་བློ་གྲོས་ཅན་མདུན་ན་འདོན་ཆེན་པོ་གཉེར་པ་ལྷ་བུ་ཚེ་རིང་། གཙུག་ལག་ཟུང་གི་ཤེས་བྱ་ལ་འཇུག་པའི་རྣམ་དཔྱོད་གསལ་ལྡན་སྐུ་སྲུང་བླ་མ་དགེ་འདུན་བཅས་དབུས་ན་བཞུགས་ནས་ལས་ཀུན་ལ་བླང་དོར་གྱི་བསླབ་བྱ་སྟོན་ཅིང་དངོས་རྫས་ཀྱི་གཏོང་གཟུང་གི་སྒོ་འཕར་འབྱེད་བསྡམས་ཀྱི་དོན་དམ་པ་མཁྱེན་དཔྱོད་ཀྱི་སྲང་མདའ་ཤིན་ཏུ་དྲང་ཞིང་བསོད་ནམས་ཀྱི་མཐུ་ཆེ་བ་པར་དཔོན་དགེ་སློང་ཚུལ་ཁྲིམས་རབ་བརྟན་དང་། དེའི་གྲོགས་ལྡན་དུ་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བགྱིད་པའི་པར་དཔོན་དགེ་སློང་རིན་ཆེན་བཀྲ་ཤིས་དང་དཔལ་འབྱོར་རྒྱལ་མཚན་གཉིས་བསྐོས། ཐོག་མར་མངོན་པ་འདོད་པའི་འབྲས་བུ་ཅི་ཡང་ཡིད་ལ་དྲན་པ་ཙམ་གྱིས་མི་འགྲུབ་པ་མེད་པའི་བསོད་ནམས་ཀྱི་མཐུ་ཆེ་ཞིང་རྣམ་པ་གཅིག་ཏུ་འབྱོར་པ་ཕུན་སུམ་ཚོགས་པ་དར་ནས་རྒུད་པའི་མཐའ་རུ་མ་ལྷུང་བའི་དགེ་སློང་ཚུལ་ཁྲིམས་རབ་བརྟན་ནམ་དོན་འགྲུབ་ཅན་དང་། ཨོ་རྒྱན་ཚེ་རིང་། ལྷུན་གྲུབ་རྒྱལ་མཚན་ཏེ་མིང་དོན་གཉིས་ཀར་དགེ་ཞིང་བཀྲ་ཤིས་པ་གསུམ་གྱིས་ཐིག་བཏབ། བློ་སྣ་བདེན་པའི་ཕྱོགས་སུ་གཏོད་པས་བྱ་བ་ཐམས་ཅད་བརླིང་ཞིང་ཀུན་གྱིས་ཡིད་རྟོན་པའི་གནས་སུ་བྱས་པ། མཆོག་ཏུ་ཡི་དམ་གྱི་ལྷ་མང་པོའི་བསྙེན་པ་མཐར་ཕྱིན་པའི་དགེ་སློང་ནམ་མཁའ་རྡོ་རྗེ་དང་། ཏིང་འཛིན་རྡོ་རྗེ། ཀུན་དགའ་རྡོ་རྗེ་སྟེ་མི་འགྱུར་རྡོ་རྗེ་མཐའ་ཅན་གསུམ་གྱིས་རྨང་ལེགས་པར་བཏིང་ངོ་། །
     དེ་ནས་བཟུང་སྟེ་ཤིང་གཞོག་པ་དང་། ཤིང་བརྐོས་པ། གྱོང་རྡུང་བ། མི་གྲངས་ལྔ་བརྒྱ་ཙམ་བསགས་ཏེ་བར་ལྷོད་མེད་པ་ལོ་ངོ་གཉིས་སུ་མཐར་ཕྱིན་པ་ཉིད་དུ་གྲུབ་ནས། བཟོ་བོ་བི་ཤྭ་ཀརྨའི་ལག་རྩེ་ལས་འཁྲུངས་པ་ལྟ་བུའི་འགྲམ་ལོག་དང་། ཀ་བ་དང་། གདུང་མ་དང་། ཐོག་ཕུབས་བས་རིམ་པ་དང་། མདའ་ཡབ་དང་། པུ་ཤུ་དང་། ལན་ཀན་དང་། སྒོ་དང་། རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྩེ་མོར་ཉི་མ་འཆར་ཀའི་གཟི་བརྗིད་ཀྱི་ཕུང་པོ་ལས་འཕོས་པ་ལྟ་བུའི་རིན་པོ་ཆེ་གསེར་ཟངས་ལས་གྲུབ་པའི་ཏོག་དང་། རྒྱལ་མཚན་དང་། མེ་ལོང་དང་དྲིལ་བུ་སིལ་སིལ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། ནང་གི་བླ་གབ་ལས་རྣམ་པར་དཔྱངས་པའི་བླ་རེ་དང་གདུགས། རྒྱལ་མཚན་དང་འཕན་ཚར་ལ་སོགས་པས་ཡིད་དུ་འོང་བར་བྱས་པའི་གཞལ་མེད་ཁང་རྒྱན་དང་བཅས་པ་གསར་དུ་བསྐྲུན་པའང་ལེགས་པར་མཐར་ཕྱིན་ཏོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...