༄༅། །ཁྱེའུ་པད་མ་འོད་འབར་གྱི་རྣམ་ཐར། 

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-25 09:25:18 ཀློག་གྲངས།:
འཁྲབ་སྟོན་ཚན་པ། ཉང་བྲན་ལྷ་མོ་ཚོགས་པ།
དགེ་རྒན། (གཞུང)སྔོན་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་མཛད་པའི་མཛད་པ་ཚུལ་ལ། དང་པོ་རྔོན་པའི་ས་བཅག་དང༌། གཉིས་པ་རྒྱ་ལུའི་སྦྱིན་འབེབས། གསུམ་པ་ལྷ་མོའི་གླུ་གར་ལ་སོགས་པའི་གཞུང་བཟང་པོ་མང་པོ་ཡོད་ཀྱང་ཚིག་འདུས་པར་བྱས་པ། 
ཞབས་དྲུང༌། (གཞུང)ལྡབ་སྐྱོར། 
དགེ་རྒན། (གཞུང)དེའང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལས་རྒྱལ་རབས་གསལ་བའི་མེ་ལོང་ཇི་སྙེད་ཅིག་ཡོད་པ་ལ། ཉི་མ་དེ་རིང་ང་ཚོ་ལྷ་མོ་ཚོགས་པ་སོ་སོས་འབུལ་བའི་གཟིགས་པོ་ནི་ཐུགས་སྲས་སྙིང་དང་འདྲ་བའི་ཁྱེའུ་པད་མ་འོད་འབར་གྱི་འཁྲུངས་རབས་ལེའུ་ནས་འབུལ་རྒྱུ་ཡིན། 
ཞབས་དྲུང༌། (གཞུང)ལྡབ་སྐྱོར། 
དགེ་རྒན། (གཞུང)སྔོན་རྒྱ་གར་གྱི་ཡུལ་དུ་དབུལ་ཞིང་ཕོངས་པའི་མུ་སྟེགས་པའི་རྒྱལ་ཁབ་ཅིག་ཡོད་པའི་ཕོ་བྲང་གི་མཚན་ལ་ན་ཁ་མུ་ཎི་དང༌། རྒྱལ་པོའི་མཚན་ལ་ལོག་པའི་མཆོད་སྦྱིན་ཞེས། རྒྱལ་པོ་ལོག་པའི་མཆོད་སྦྱིན་ནི་བདུད་མ་ཊམ་རུ་ཊའི་སྐྱེ་བ་ཡིན་པ་དང༌། བློན་པོ་རྐང་མགྱོགས་བང་ཆེན་ཞེས་པ་ཞིག་ཡོད་པ་བདུད་ལྷས་སྦྱིན་གྱི་སྐྱེ་བ་ཡིན། 
ཞབས་དྲུང༌། (གཞུང)ལྡབ་སྐྱོར། 
དགེ་རྒན། དེ་དང་ཉེ་བར་གཟིམ་ཆུང་སྐྱིད་པའི་སྒྲོལ་མ་ལྷ་ཁང་ནང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཕ་ཚོང་དཔོན་ནོར་བཟང་དང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་མ་ལྷ་སྲས་བྲམ་ཟེ་བྱ་བ་ཞིག་ཡོད། 
ཞབས་དྲུང༌། (གཞུང)ལྡབ་སྐྱོར། 
དགེ་རྒན། ཚོང་དཔོན་ནོར་བཟང་གིས་བྱ་བ་ཞིག་ཡོད་པ་དེས། ལོ་མང་རིང་རྒྱལ་པོའི་ཚོང་དཔོན་ཞུས་ཏེ་སྟོད་ཟོག་སྨད་ལ་བསྐྱལ། སྨད་ཟོག་སྟོད་ལ་བསྐྱལ། ལྷོ་ཚོང་བྱང་འདྲེན་དང་བྱང་ཚོང་ལྷོ་འདྲེན་གྱིས་རྒྱལ་པོ་ནོར་མེད་ནོར་གྱིས་ཚིམས་པ་དང༌། བློན་པོ་གོས་མེད་གོས་ཀྱིས་ཚིམས་པར་བྱས་ནས་ཕོ་བྲང་ནོར་གྱིས་ཁེངས་པར་བྱས། 
ཞབས་དྲུང༌། (གཞུང)ལྡབ་སྐྱོར། 
དགེ་རྒན། (གཞུང)དུས་རེ་ཞིག་ཙམ་ན་མུ་སྟེགས་རྒྱལ་པོ་བློ་སྣ་ལོག་པར་འགྱུར་ཏེ་ཚོང་དཔོན་འདི་མེད་པར་མ་བཟོས་ན་བློན་པོ་རྒྱལ་པོའི་གོང་དུ་ཤོར་ཉེན་འདུག་བསམ། མུ་སྟེགས་རྒྱལ་པོ་ཕྱག་ཕེབས་ཤིག  
མུ་སྟེགས་རྒྱལ་པོ། (རྣམ་ཐར།)ད་ཡང་མི་སྡོད་ད་ཡང་བཏང་ནས་འགྲོ། ཕོ་བྲང་ན་ཁའི་ཕྱོགས་སུ་བཏང་ནས་འགྲོ། 
དགེ་རྒན། (གཞུང༌།)བློན་པོ་རྐང་མགྱོགས་བང་ཆེན་ཕྱག་ཕེབས་ཤིག  
མུ་སྟེགས་རྒྱལ་པོ། (རྣམ་ཐར།) ཕྱག་ལ་ཕེབས་སམ་བློན་པོ་རྐང་མགྱོགས་ལགས། ཕེབས་པའི་ལམ་ལ་འོ་བརྒྱལ་མ་བྱུང་ངམ། 
དགེ་རྒན། (གཞུང)  ང་ཡི་སྙིང་ལྟར་འདྲ་བའི་བློན་པོ་ལགས། རྣ་བ་མ་གཡེང་ང་ཡི་ཕྱོགས་སུ་གསན། 
དགེ་རྒན། (གཞུང)  དེ་ནས་ཕ་ཚོང་དཔོན་ནོར་བཟང་དང༌། མ་ལྷ་སྲས་བྲམ་ཟེ་ཕྱག་ཕེབས་ཤིག 
ཚོང་དཔོན་ནོར་བཟང༌། (གཞུང)  ཡུམ་ཨ་མ་ལགས་ལ་ཞུ་རྒྱུར། དེ་རིང་བརྒྱ་སྡེ་ཁྲོམ་པ་འདི་ཙམ་གྱི་དཀྱིལ་དུ་སྐལ་པ་བཟང་པོ་གང་འདྲ་ར་ཞིག་བྱུང་མ་སོང་ངམ། 
ལྷ་སྲས་བྲམ་ཟེ། (གཞུང) ཡབ་ཨ་ཕ་ལགས་ལ་ཞུ་རྒྱུར། སྐལ་པ་དེ་རིང་མ་བཟང་ག་དུས་བཟང༌། ཉམས་བཟང་དེ་རིང་མ་སྟོན་ག་དུས་སྟོན། 
ཚོང་དཔོན་ནོར་བཟང༌། (གཞུང) སྐལ་པ་བཟང་པོ་འདི་འདྲའི་ཁྲོད་དུ་གཅིག་རྒྱག་དང་ཉིས་རྒྱག  གསུམ་རྒྱག་དེ་ཚོ་ཀླད་ལ་བཀར་ནས་ཕུལ་ཤོག་ཨ། 
མུ་སྟེགས་རྒྱལ་པོ། (གཞུང)  འདི་ནས་བརྩིས་པའི་ཉི་མའི་ཤར་ཕྱོགས་ལ། ཕ་གཅིག་ཡོད་ལ་ཆོས་རྒྱལ་ནོར་བཟང་དང༌། མ་གཅིག་ཡོད་ལ་ལྷ་སྲས་བྲམ་ཟེ་ཡོད། བློན་པོ་ཁྱོད་མྱུར་དུ་ཕྱིན་ནས་ཚོང་དཔོན་ནོར་བཟང་ང་ཡི་དྲུང་དུ་ཁྲིད་ཤོག   
རྐང་མགྱོགས། (རྣམ་ཐར།)   ད་ཡང་མི་སྡོད་ད་ཡང་བཏང་ནས་འགྲོ། སྒྲོལ་མ་ལྷ་ཁང་ཕྱོགས་སུ་བཏང་ནས་འགྲོ། དམས། ལྷ་སྲས་བྲམ་ཟེ། (ཁྱིས་འཆང་བས་བློན་པོ་བྲོས་ཏེ་རྒྱལ་པོར་ཞུས།)  
མུ་སྟེགས་རྒྱལ་པོ། (སྐད་ཆ།)གང་ལྟར་ཁྱོད་རང་མྱུར་དུ་ཕྱིན་ནས་ཚོང་དཔོན་ནོར་བཟང་ང་ཡི་དྲུང་དུ་ཁྲིད་ཤོག  
རྐང་མགྱོགས། དམས། ལྷ་སྲས་བྲམ་ཟེ། 
ལྷ་སྲས་བྲམ་ཟེ། (རྣམ་ཐར།)  ཕྱག་ལ་ཕེབས་སམ་རྒྱལ་པོའི་བློན་པོ་ལགས། ད་དུང་བྱོན་ནམ་རྐང་མགྱོགས་བློན་པོ་ལགས། 
རྐང་མགྱོགས། (རྣམ་ཐར།)  མོ་རེ་ཉོན་དང་ལྷ་སྲས་བྲམ་ཟེ་མ། རྐང་མགྱོགས་བློན་པོ་བདག་ལ་ཚུར་ཉོན་དང༌། 
སྐད་ཆ། ཁྱོད་ཀྱི་ཟླ་གྲོགས་ཚོང་དཔོན་ནོར་བཟང་ད་ལྟ་རྒྱལ་པོའི་དྲུང་དུ་ཁྲིད་ཤོག་གསུང་གི་འདུག་པས། ཚོང་དཔོན་བསྡད་ཡོད་པས། 
ལྷ་སྲས་བྲམ་ཟེ། (སྐད་ཆ།)  ཚོང་དཔོན་བཞུགས་ཡོད་བཞུགས་མེད། 
རྐང་མགྱོགས། ལྷ་སྲས་བྲམ་ཟེས་གསུངས་པ་བཞིན་རྒྱལ་པོར་ཞུས། 
མུ་སྟེགས་རྒྱལ་པོ། སྐད་ཆ། བློན་པོ་ཁྱེད་རང་གིས་སྐད་ཆ་་ཡག་པོ་འདྲི་དགོས།
རྐང་མགྱོགས། (སྐད་ཆ།)   དམས། ཚོང་དཔོན་ག་རེ་བྱེད་པར་ཕྱིན་སོང༌། 
ལྷ་སྲས་བྲམ་ཟེ། (སྐད་ཆ།)  ཚོང་དཔོན་ཚོང་པ་སོང་ཙང་ཚོང་བསྐྱོན་པར་ཕེབས་སོང༌། 
རྐང་མགྱོགས། (སྐད་ཆ།) ཚོང་ག་རེ་རྒྱག་པར་ཕྱིན་སོང༌། 
ལྷ་སྲས་བྲམ་ཟེ། (སྐད་ཆ།)  ཤ་འཁྱེར་ནས་རུས་པ་ཉོ་བར་ཕྱིན་སོང༌། 
རྐང་མགྱོགས་ཀྱིས་རྒྱལ་པོར་དེ་ལྟར་ཞུས། 
མུ་སྟེགས་རྒྱལ་པོ། (སྐད་ཆ།)བློན་པོ་ཁྱོད་རང་གི་གྲི་གུག་ནག་པོ་དེ་བེད་སྤྱོད་བཏང་ནས་སྐད་ཆ་ཡག་པོ་འདྲི་དགོས། 
ཚོང་དཔོན་ནོར་བཟང༌། (རྣམ་ཐར།) ཡུམ་ཆེན་ཐུགས་ཁྲལ་མ་མཛད་ལྷོད་དུ་བཞུགས། རྒྱལ་པོའི་དྲུང་དུ་བདག་གིས་ཕྱིན་པས་ཆོག 
མུ་སྟེགས་རྒྱལ་པོ། (རྣམ་ཐར།)  ཕྱག་ལ་ཕེབས་སམ་ཚོང་དཔོན་ནོར་བཟང་ལགས། ཕེབས་པའི་ལམ་ལ་འོ་བརྒྱལ་མ་བྱུང་ངམ། 
ཚོང་དཔོན་ནོར་བཟང༌། (རྣམ་ཐར།) ང་ནི་རྒྱ་མཚོ་ཅན་ལ་འགྲོ་བ་ལ། རབ་ལ་ཚེ་གང་དགོངས་པ་ཡོད་པར་ཞུ། 
མུ་སྟེགས་རྒྱལ་པོ། (རྣམ་ཐར།)  རྒྱལ་པོའི་བཀའ་དེ་རི་གཟར་འབབ་རྡོ་འདྲ། འབབ་རྡོ་གྱེན་ལ་འགྲིལ་བའི་དཔེ་མེད་དོ། 
དགེ་རྒན། (གཞུང)  ཁྱོད་དང་ང་གཉིས་གཏམ་ཞིག་གླེང་མོ་བྱེད། རང་རེ་རྒྱལ་བློན་གོ་བབ་ལོག་ནས་འདུག  ཁྱེད་ནི་རྒྱལ་ཁབ་བློན་པོ་ཡིན་ན་ཡང༌། ནོར་བུའི་རིགས་ཆས་བསམ་གྱིས་མི་ཁྱབ་འདུག  ང་ནི་རྒྱལ་ཁབ་གཅིག་གི་རྒྱལ་པོ་ལ། དར་སྣ་གོས་སྣ་ཙམ་ལས་མི་འདུག་པས། ཁྱོད་ནི་ཀླུ་ཡུལ་པད་མ་ཅན་ལ་ཕྱིན། ཀླུ་རྒྱལ་དུང་སྐྱོང་དཀར་མོ་དེའི་ཕྱག་ནས། གཏེར་ཆེན་ནོར་བུ་དགོས་འདོད་ཀུན་འབྱུང་དེ། ཕོ་བྲང་ན་ཁ་མུ་ནེར་ཁྱེར་ནས་ཤོག  ནང་གི་དོན་དང་ཕྱི་ཡི་དགྲ་བརྟུལ་དགོས། ལོན་པར་ནུས་ན་མཚར་དགའ་གཟེངས་བསྟོད་གཏེར། མ་ལོན་ཟེར་ན་ཁྲིམས་ཀྱི་ཆད་པ་གཅོད། 
ཚོང་དཔོན་ནོར་བཟང་། (གཞུང)ང་ནི་རྒྱ་མཚོ་ཅན་ལ་འགྲོ་བ་ལ། རབ་ལ་ཚེ་གང་དགོངས་པ་གནང་བར་ཞུ། མ་བྱུང་ལོ་གསུམ་དགོངས་པ་གནང་བར་ཞུ། 
མུ་སྟེགས་རྒྱལ་པོ།(གཞུང)རྒྱལ་པོའི་བཀའ་དེ་རི་གཟར་འབབ་རྡོ་འདྲ། འབབ་རྡོ་གྱེན་ལ་འགྲིལ་བའི་དཔེ་མེད་པས། རབ་ལ་ཚེ་གང་དགོངས་པ་ག་ནས་ཡོང༌། ཐ་མ་ཟླ་གསུམ་དགོངས་པ་ག་ནས་ཡོང༌། བདུན་ཕྲག་གཅིག་ལ་དགོངས་པ་སྟེར་བས་ཆོག དེ་ཡི་རིང་ལ་བཟའ་མི་གཉིས་པོ་ནི། གང་དགའ་གང་སྐྱིད་བགྱིས་ན་ཆོག་པ་ཡིན། ཅེས་གསུངས་པས་ཚོང་དཔོན་ནོར་བཟང་ཐུགས་སྐྱོ་ཞིང་སྒྲོལ་མ་ལྷ་ཁང་གི་ཕྱོགས་སུ་ཕྱག་ཕེབས། 
ལྷ་སྲས་བྲམ་ཟེ། (རྣམ་ཐར།) རྒྱལ་པོའི་བཀའ་ཡི་ཆད་པ་ཅི་འདྲ་འདུག མ་གསང་དྲང་པོའི་གཏམ་དེ་བདག་ལ་གསུངས༌། 
ཚོང་དཔོན་ནོར་བཟང༌། (རྣམ་ཐར།)རྒྱལ་པོའི་བཀའ་ལ་ཆད་པ་འདི་འདྲ་འདུག བཀའ་ཆད་གཞན་དང་མི་འདྲ་འདི་འདྲ་འདུག (ལྡབ་སྐྱོར་རྣམ་ཐར།)   
དགེ་རྒན། (གཞུང)  ལྷ་སྲས་བྲམ་ཟེ་དེ་ཡི་ཞལ་ནས་ནི། རྒྱལ་པོའི་བཀའ་ལ་ཆད་པ་ཅི་ཞིག་འདུག མ་གསང་དྲང་པོའི་གཏམ་དེ་བདག་ལ་གསུངས། གསུངས་པས་ཚོང་དཔོན་ནོར་བཟང་ཞལ་ནས་ནི། རྒྱལ་པོའི་བཀའ་ལ་ཆད་པ་འདི་འདྲ་འདུག བཀའ་ཆད་གཞན་དང་མི་འདྲ་འདི་འདྲ་འདུག ཀླུ་རྒྱལ་དུང་སྐྱོང་དཀར་མོ་དེའི་ཕྱག་ནས། གཏེར་ཆེན་ནོར་བུ་དགོས་འདོད་ཀུན་འབྱུང་དེ། ལེན་དགོས་ཡོད་ཟེར་བཀའ་ནན་གནང་ནས་ནི། ཞག་མ་བདུན་གཅིག་དགོངས་པ་སྟེར་ནས་བྱུང༌། དགོངས་པ་བཙངས་ནས་བཟའ་མི་གཉིས་པོ་སྐྱེལ་མ་སྐྱེལ་ཆང་དུ་ཕྱག་ཕེབས་ཤིག  
ལྷ་སྲས་བྲམ་ཟེ། (རྣམ་ཐར།)  ཀྱེ་མ་ཀྱི་ཧུད་དེ་འདྲའི་སྡུག་བསྔལ་ལ། ཀྱི་ཧུད་ཀྱི་ཧུད་ཇི་ལྟར་བྱས་ན་དགའ། 
ཚོང་དཔོན་ནོར་བཟང༌། (རྣམ་ཐར།) ཕྱིན་ནས་ལོ་གསུམ་སོང་ནས་མ་འཁོར་ན། ཤི་བ་ཡིན་པས་ཁྱེད་ཀྱི་ཐུགས་ལ་མཛོད། (ལྡབ་སྐྱོར་རྣམ་ཐར།)  
དགེ་རྒན། (གཞུང) སྐྱེས་པའི་ཆུ་མིག་ས་གཞིའི་སྟེང་དུ་སྐམ། ཤར་བའི་ཉི་མ་ནུབ་ལ་རྒས་ན་སོང༌། ལྷ་སྲས་བྲམ་ཟེ་ཐུགས་སྐྱོས་དྲན་མེད་བརྒྱལ། ཙན་དན་ཆུ་གཏོར་སླར་ཡང་དྲན་པ་གསོས། དེ་ནས་ཚོང་དཔོན་རྒྱ་མཚོར་ཕེབས་རྒྱུ་གནང་། ཚོང་ཕྲུག་སྐལ་ལྡན་དེ་ཡིས་ཐོག་དྲངས་པས། དབྱར་ཟླ་ར་བའི་ཚེས་ཆེན་བཅོ་ལྔའི་ཉིན། གྲུ་གཟིངས་རྒྱ་མཚོ་ཅན་ལ་འགྲོ་འགོ་བཙུགས། 
གྲུ་པ། (རྣམ་ཐར།) ཆུ་མོའི་གཞུང་ལ་འགྲོ་བར། ཆུ་རྒྱུད་རྒྱལ་པོས་མ་བསླུ། ཚོང་དཔོན་ནོར་བཟང་དང་ཚོང་ཕྲུག་བཅས་པ་གྲུ་ལ་བཞུགས། 
ནེ་ཙོ། (རྣམ་ཐར།)ཚུར་ལ་གསན་དང་ཚོང་དཔོན་ནོར་བཟང་ལགས། སྨྲ་མཁན་ནེ་ཙོའི་ཕྱོགས་ལ་ཚུར་གསོན་དང༌།(སྐབས་དེར་སྡིག་པ་གཡག་བཤས་ཙམ་གཉིས་ཡོང་ནས་གྲུ་གཟིགས་མགོ་མཇུག་སློག) 
ལྡབ་སྐྱོར(རྣམ་ཐར།)   
དགེ་རྒན། (གཞུང) དེ་ནས་བཟང་མདོག་དཔལ་གྱི་རི་ནས་བལྟས་པས། ཡུམ་ལྷ་སྲས་བྲམ་ཟེ་དེ་ཐུགས་སྐྱོ་ནས་བཞུགས་པ་གཟིགས་པས། ཁྱེའུ་པད་མ་འོད་འབར་དེ་ཕྱག་ལ་ཕེབས་ཤིག  
པད་མ་འོད་འབར། (རྣམ་ཐར།)  ད་ཡང་མི་སྡོད་ད་ཡང་བཏང་ནས་འགྲོ། ཡུམ་ཆེན་བཞུགས་པའི་གཟིམ་ཆུང་ནང་དུ་འགྲོ། 
དམངས། (རྟ་འདུར།)  ང་ལ་པད་མ་འདབ་བརྒྱད་ཚང་ལ་ཡོད། ཨོ་རྒྱན་པད་ཞྭ་རོང་སེ་རོང༌། ཨོ་རྒྱན་པད་ཞྭ་སུ་ཡི་བཞེས། ཨོ་རྒྱན་པད་ཞྭ་བླ་མས་བཞེས། 
པད་མ་འོད་འབར། (རྣམ་ཐར།)  ཨ་མ་གསན་དང་ལྷ་སྲས་བྲམ་ཟེ་ལགས། པད་མ་འོད་འབར་ཕྱོགས་ལ་ཚུར་གསན་དང༌། 
ལྷ་སྲས་བྲམ་ཟེ། (རྣམ་ཐར།) ཕ་ལས་ལྷག་པའི་བུ་ཞིག་འཁྲུངས་ནས་བྱུང༌། མ་བུ་གཉིས་ཀྱི་བསོད་ནམས་བསགས་ནས་བྱུང༌། 
དགེ་རྒན། (གཞུང)  པད་མ་འོད་འབར་དེ་ཡིས་གསུངས་པ་ལ། ཨ་མ་གསན་དང་ལྷ་སྲས་བྲམ་ཟེ་ལགས། གྲོགས་མེད་རྣམས་ཀྱི་སྲོག་སྐྱོབ་ང་ཡིས་བྱེད། མ་ཊ་རུ་ཊའི་བསྟན་པ་ང་ཡིས་བསྣུབས། གསང་སྔགས་ཟབ་མོའི་བསྟན་པ་ང་ཡིས་བཙུགས། དེ་ནས་མ་ཡུམ་ལྷ་སྲས་བྲམ་ཟེ་ཡིས། ཕ་ལས་ལྷག་པའི་བུ་ཞིག་འཁྲུངས་ནས་བྱུང༌། མ་བུ་གཉིས་ཀྱི་བསོད་ནམས་ཡིན་པ་འདུག དེ་ནས་པད་མ་འོད་འབར་དེ་ཡི་དགོངས་པ་ལ། རང་རེའི་ཡུལ་གྱི་ཆུང་གྲོགས་བྱིས་པ་རྣམས། རང་རང་མེ་ཤིང་འཐུ་བར་འགྲོ་བཞིན་འདུག བུ་ང་ཡང་མི་སྡོད་མེ་ཤིང་འཐུ་བར་འགྲོ། དེ་ནས་ཨ་མས་གནང་བའི་སླེ་པོ་འཁྱེར། གྲོང་པ་ཁྱིམ་མཚེས་རྣམས་ཀྱི་བྱིས་པ་ཕྱག་ཕེབས་ཤིག ཆུང་གྲོགས་བྱིས་པ་རྣམས་ཡོང༌། 
རྐང་མགྱོགས། (སྐད་ཆ།) ཁྱོད་ཚོ་ག་རེ་ཤོད་ཀྱི་ཡོད། 
ཕྲུ་གུ། (སྐད་ཆ།) བློན་པོ་ལགས། ད་ནང་འདི་ནས་ཕྲུ་གུ་ཁྱད་མཚར་ཞིག་ཕྱིན་སོང༌།(ཕྲུ་གུ་རྣམས་ཀྱིས་རྩེད་མོ་རྩེད་པ། རྐང་མགྱོགས་དང་པད་མ་འོད་འབར་རྩེད་པས་རྐང་མགྱོགས་ཤོར།)  
ཕྲུ་གུ་ཀ་པ། (རྣམ་ཐར།) ཁྱོད་རང་ཁེ་ཡང་ཕ་མ་གཅིག་ལས་མེད། ང་ཚོ་ཤོར་ཡང་ཕ་མ་གཉིས་ཀ་ཡོད། ཕྲུ་གུ་ཚོས་པད་མ་འོད་འབར་ལ་དབང་ཡོད་བཤད། པད་མ་འོད་འབར་ལྕི་བ་འཐུ་བཞིན་ཕེབས། 
(ལྡབ་སྐྱོར་རྣམ་ཐར།)  
དགེ་རྒན། (གཞུང) པད་མ་འོད་འབར་དང་བྱིས་པ་རྩེད། སྔ་དྲོ་བྱིས་པ་རྣམས་རྒྱལ་ནའང༌། ཕྱི་དྲོའི་དུས་ལ་པད་མ་འོད་འབར་རྒྱལ། བྱིས་པས་ཁྱེའུ་པད་མ་འོད་འབར་ལ། ང་ཚོ་ཕམ་ཡང་ཕ་མ་གཉིས་འཛོམས་ཡིན། ཁྱོད་རང་ཁེ་ཡང་ཕ་མ་གཅིག་ལས་མེད། དེ་ནས་ཡུལ་དེར་གནས་པའི་ཤྭ་བ་ཕོ་མོ་རྣམས་ཕྱག་ཕེབས་ཤིག  
པད་མ་འོད་འབར། རྣམ་ཐར། རྩྭ་གཟན་རི་དྭགས་ཡིན་ཀྱང་སྐྱིད་པ་ལ། བུ་ཆུང་ང་ལ་ཕ་ཞིག་ལོས་ཀྱང་ཡོད། 
དགེ་རྒན། (གཞུང)རྒྱ་གར་ཕྱོགས་བཞི་ཁག་ནས་ཕེབས་པའི་ཚོང་པ་རྣམས་ཕྱག་ཕེབས་ཤིག  ཚོང་པ་རྣམས་ཁྲོམ་རའི་ཕྱོགས་སུ་ཡོང༌། རྒན་མོ་དཔེན་ཚིག་གིས་ཚོང་པ་རེ་རེ་བཞིན་ཚོང་སྒྲིག་ཀྱང་མ་འགྲིག 
པད་མ་འོད་འབར། (རྣམ་ཐར།) འདི་ན་བཞུགས་པའི་རྒན་མོ་དཔེན་ཚིག་ལགས། པད་མ་འོད་འབར་ཕྱོགས་ལ་ཚུར་གསོན་དང༌། 
རྒན་མོ། (རྣམ་ཐར།) ཕ་ཕ་འདི་འདྲ་ཡ་མཚན་ཆེ་བ་ལ། བྱིས་པ་འདི་ཡི་སྨྲ་ལྕེ་བདེ་ལུགས་ལ། 
སྐད་ཆ། བུ་ང་གཉིས་འདིར་ཚོང་བརྒྱབ་ན་མི་མང་པོ་སོང་ཙང་ཚོང་དཀྲོག་གི་རེད། དེ་ལས་ཕ་ཀིའི་ཤིང་ཏ་ལའི་སྡོང་པོའི་འོག་ཏུ་ཕེབས་འགྲོ། 
རྒན་མོ། (ལྡབ་སྐྱོར་རྣམ་ཐར།)  (རྒན་མོ་དང་པད་མ་འོད་འབར་སྐུད་པ་དང༌། ཀྵ་པ་ཎི་བརྗེ་ཚོང་བྱས། པད་མ་འོད་འབར་གྱི་སྐུད་པ་ཕྱེད་མ་ཟད་གོང་ནས་རྒད་མོའི་ཀྵ་པ་ཎི་ཚང་མ་ཟད། རྒན་མོ་ཚོང་ཕམ་པ་ཤེས་ནས་ཧ་ལས།)
རྒད་མོ། (རྣམ་ཐར།) རྒད་མོས་ཚེ་གང་བསགས་པའི་ནོར་རྫས་དེ། བྱིས་པ་ཆུང་ཆུང་ཞིག་གིས་འཕྲོག་ནས་སོང༌། 
པད་མ་འོད་འབར། (རྣམ་ཐར།) རྒད་མོ་ང་རྒྱལ་མ་གནང་ཡར་ལ་བཞེངས། ང་ཡི་ཕ་ཡི་ལོ་རྒྱུས་གསུངས་རོགས་གནང༌། 
རྒན་མོ། (སྐད་ཆ།)   ཁྱེད་ཀྱི་ཕ་ཡི་མཚན་ལ་ཚོང་དཔོན་ནོར་བཟང་ཞུ། སྔོན་དུས་མུ་སྟེགས་རྒྱལ་པོས་རྒྱ་མཚོའི་གླིང་ལ་བཏང་ནས་ལོག་རྒྱུ་བྱུང་ཡོད་པ་མ་རེད། 
(ལྡབ་སྐྱོར་རྣམ་ཐར།)
དགེ་རྒན། (གཞུང)  པད་མ་འོད་འབར་དང་རྒན་མོ་ཚོང་ཟོག་བརྗེ་རེས་བྱས། རྒན་མོ་ཕམ་པས་ཁོང་ཁྲོ་ཆེན་པོ་ལངས། ཕ་ཙན་དན་སྡོང་པོར་བུ་ཆུ་ཤིང་འམ་བུ་ཞེས་པའི་ཚིག་ངན་སྨྲས། པད་མ་འོད་འབར་གྱིས་ངའི་ཕ་ཡིས་ལོ་རྒྱུས་རྒན་མོས་ཤེས་པ་མཁྱེན། ཕ་ཡི་ལོ་རྒྱུས་བཤདན་ཚོང་སློག་ཆོག ད་དུང་སྐུད་པ་ཕྱེད་ཀ་བརྔན་པར་བསྟེར། ཞེས་གསུངས་ནས་ཐུགས་སེམས་ཤིན་ཏུ་སྤྲོ་པོ་བྱུང༌། པད་མ་འོད་འབར་ཡུམ་གྱི་དྲུང་དུ་ཕེབས་ཤིག   
(ལྡབ་སྐྱོར་རྣམ་ཐར།)   
(གཞུང) ཨ་མ་གསན་དང་ལྷ་སྲས་བྲམ་ཟེ་ལགས། པད་མ་འོད་འབར་ཕྱོགས་ལ་ཚུར་གསོན་དང༌། རྒྱ་གར་ཚོང་འདུས་ཧར་ཆེན་ཕྱོགས་ལ་ཕྱིན། གསུངས་པས་ཡུམ་གྱི་བུ་ལ་འདི་ལྟར་གསུངས། བུ་ཁྱོད་རི་ཀླུང་གང་སར་མ་ཕེབས་ཤིག  མུ་སྟེགས་རྒྱལ་པོའི་སྙན་ལ་འཁྱོལ་ཉེན་ཡོད། མུ་སྟེགས་རྒྱལ་པོའི་སྙན་ལ་འཁྱོལ་ཟེར་ན། མུ་སྟེགས་རྒྱལ་པོར་སྙིང་རྗེ་གཏན་ནས་མེད། སྐབས་དེར་མུ་སྟེགས་རྒྱལ་པོ་དེ་ཡིས་ཀྱང༌། (ཚོང་འདུས་ཕྱོགས་ལ་རྒྱང་ཤེལ་བལྟ་དགོས་གསུངས། རྒྱལ་བློན་རྣམས་ཕོ་བྲང་ཕྱོགས་དུ་ཕྱག་ཕེབས་ཤིག  རྒྱལ་པོས་ཚོང་འདུས་ལ་རྒྱང་ཤེལ་བལྟས་པས་རྒན་མོ་དཔེན་ཚིག་གི་མདུན་དུ་འོད་ཆེན་པོ་ཡོད་པ་མཐོང་ནས། འོད་དེ་ཇི་ཡིན་བློན་པོ་རྐང་མགྱོགས་ལ་ལྟར་བཅུག  རྐང་མགྱོགས་བློན་པོས་ཀྱང་འོད་དེ་ལྟར་མཐོང་ནས་ཧ་ལས།)   
མུ་སྟེགས་རྒྱལ་པོ། (རྣམ་ཐར།) བློན་པོ་འདི་རུ་མ་སྡོད་བཏང་ནས་སོང༌། རྒྱ་གར་ཚོང་འདུས་ཧར་ཆེན་ཕྱོགས་སུ་སོང༌། 
རྐང་མགྱོགས། (སྐད་ཆ།)  དམས། རྒན་མོ་དཔེན་ཚིག 
རྒན་མོ། (རྣམ་ཐར།)ཕྱག་ལ་ཕེབས་སམ་རྒྱལ་པོའི་བློན་པོ་ལགས། ད་དུང་བྱོན་ནམ་རྐང་མགྱོགས་བློན་པོ་ལགས། 
རྐང་མགྱོགས། (རྣམ་ཐར།)  མོ་རེ་ཉོན་དང་རྒན་མོ་དཔེན་ཚིག རྐང་མགྱོགས་བློན་པ་བདག་ལ་ཚུར་ཉོན་དང༌།
སྐད་ཆ། དམས། རྒན་མོ་དཔེན་ཚིག  ཁྱོད་ཀྱི་ལག་ཏུ་བཟུང་བའི་སྐུད་པ་དེ་ཁྱོད་ཀྱིས་བཟོས་པ་ཡིན་ནམ། རྒྱལ་ཁབ་གཞན་གྱི་ཡིན། 
རྒན་མོ། (སྐད་ཆ།)  སྐུད་པ་འདི་རྒན་མོ་ང་རང་གིས་བཟོས་པ་ཡིན། 
(རྐང་མགྱོགས་ཀྱིས་རྒད་མོས་གསལ་པོ་བཤད་མ་སོང་བསམ་ནས་འཛིངས་པས། རྐང་མགྱོགས་ཕམ། རྐང་མགྱོགས་ཀྱིས་གྲི་བཏོན་ནས་རྒན་མོར་སྡིག་པས་རྒན་མོ་སྐྲག  སྐུད་པ་འདི་ནི་ཕ་ཚོང་དཔོན་ནོར་བཟང་གི་བུ་པད་མ་འོད་འབར་གྱིས་བཟོས་པ་རེད། རྐང་མགྱོགས་ཀྱིས་རྒྱལ་པོར་དེ་ལྟར་སྙན་སེང་ཞུས།)  
མུ་སྟེགས་རྒྱལ་པོ། (རྣམ་ཐར།) ཕ་གཅིག་མེད་པར་བུ་གཅིག་ག་ནས་ཡོང༌། དེ་འདྲའི་བུ་དེ་ཡ་མཚན་ཆེ་བ་ལ། 
(སྐད་ཆ།)  བློན་པོ་ཁྱོད་རང་སྒྲོལ་མ་ལྷ་ཁང་གི་ཕྱོགས་སུ་ཕྱིན་ནས། པད་མ་འོད་འབར་ང་ཡི་དྲུང་དུ་ཁྲིད་ཤོག(རྐང་མགྱོགས་བློན་པོས་པད་མ་འོད་འབར་རྒྱལ་པོའི་དྲུང་དུ་ཁྲིད།)  
མུ་སྟེགས་རྒྱལ་པོ། (རྣམ་ཐར།) ཕྱག་ལ་ཕེབས་སམ་པད་མ་འོད་འབར་ལགས། ཕེབས་པའི་ལམ་ལ་འོ་བརྒྱལ་མ་བྱུང་ངམ། 
དགེ་རྒན། (གཞུང) མུ་སྟེགས་རྒྱལ་པོས་པད་མ་འོད་འབར་ལ། བུ་ཁྱོད་ལ་ནི་ཕ་ཞིག་མེད་པ་དང༌། ཕ་ང་ལ་ནི་བུ་ཞིག་མེད་པ་ཡིས། ཁྱོད་ཀྱིས་ཕྱི་ལ་ཕྱིན་ནས་ཕྱི་དགོས་ཆོད། ཕ་ངས་ནང་ལ་བསྡད་ནས་ནང་དགོས་གཅད། ཀླུ་ཡུལ་པད་མ་ཅན་ཞིག་བྱ་བ་ན། ཀླུ་རྒྱལ་དུང་སྐྱོང་དཀར་མོའི་ཕྱག་སོར་ནས། གཏེར་ཆེན་དགོས་འདོད་ཀུན་བྱུང་ལེན་ལ་ཤོག གསུངས་པའི་ལན་དུ་པད་མ་འོད་འབར་གྱིས། ང་ནི་ལོ་ངོ་གསུམ་གྱི་བྱིས་པ་ཡིན། རྒྱ་མཚོའི་གླིང་དུ་མི་འགྲོ་དགོངས་པ་ཞུ། (ཞེས་གསུངས་ནས་སྒྲོལ་མ་ལྷ་ཁང་གི་ཕྱོགས་སུ་ཕེབས་སོ།)ལྷ་སྲས་བྲམ་ཟེ། (གཞུང) པད་མ་འོད་འབར་ཨ་མའི་ཕྱོགས་སུ་ཉོན། རྒྱལ་པོའི་བཀའ་ལ་ཆད་པ་ཅི་ཞིག་འདུག མ་གསང་དྲང་པོའི་གཏམ་དེ་གསུངས་རོགས་གནང༌། རྒྱལ་པོའི་བཀའ་ལ་་ཆད་པ་འདི་འདྲ་འདུག 
པད་མ་འོད་འབར། (གཞུང)ཀླུ་ཡུལ་པད་མ་ཅན་ཞིག་བྱ་བ་ན། ཀླུ་རྒྱལ་དུང་སྐྱོང་དཀར་མོ་ཡི་ཕྱག་ནས། གཏེར་ཆེན་ནོར་བུ་དགོས་འདོད་ཀུན་འབྱུང་དེ། ཕོ་བྲང་ནང་རྟེན་ཆེད་དུ་ལེན་དགོས་གསུངས། ཞེས་དེ་ནུབ་གཟིམས་པའི་མནལ་ལམ་དུ་བྱུང་བའི་མཁའ་འགྲོ་རྣམས་ཕྱག་ཕེབས་ཤིག  
མཁའ་འགྲོ། (རྣམ་ཐར།) ཁྱོད་ཀྱི་བུ་ཆུང་རྒྱ་མཚོར་འགྲོ་དགོས་པས། སང་ཉིན་ལྷ་བབས་མཆོད་རྟེན་གསོལ་དུ་ཕེབས། 
དགེ་རྒན། (གཞུང) མནལ་དུ་ཡུར་སྐབས་མཁའ་འགྲོའི་ལུང་བསྟན་ལ། ཁྱེད་ཀྱི་བུ་ནི་རྒྱ་མཚོར་ཕེབས་དགོས་པས། སང་ཉིན་ལྷ་བབས་མཆོད་རྟེན་གསོལ་དུ་ཕེབས། 
ལྷ་སྲས་བྲམ་ཟེ། (རྣམ་ཐར།)  རྒྱ་གར་ལྷ་བབ་མཆོད་རྟེན་དྲུང་དུ་འགྲོ། 
ལྡབ་སྐྱོར(རྣམ་ཐར།)  
ལྷ་སྲས་བྲམ་ཟེ། (རྣམ་ཐར།)  ཤར་ཕྱོགས་རྡོ་རྗེ་རི་ཡི་མཁའ་འགྲོ་མ། སྐུ་མདོག་དཀར་ལ་དུང་གི་མདངས་དང་ལྡན། ཡུམ་གྱིས་མཆོད་རྟེན་མདུན་དུ་སྐུ་བསངས་དང་སྐུ་ཕྱག་ཕུལ། 
རྣམ་ཐར། ལྷོ་ཕྱོགས་རིན་ཆེན་གླིང་གི་མཁའ་འགྲོ་མ། སྐུ་མདོག་སེར་པོ་གསེར་གྱི་མདངས་དང་ལྡན། (ལྡབ་སྐྱོར་རྣམ་ཐར།)  
མཁའ་འགྲོ། (རྣམ་ཐར།)མ་གཅིག་རྒན་མོ་ལྷ་སྲས་བྲམ་ཟེ་ཁྱེད། ང་ཅག་མཁའ་འགྲོ་སྡེ་ལྔའི་བརྡ་སྔགས་ཡོད། 
དགེ་རྒན། (གཞུང) མཁའ་འགྲོའི་ལུང་ལྟར་ལྷ་སྲས་བྲམ་ཟེ་ཡིས། མཆོད་རྟེན་མདུན་དུ་བསངས་དང་མཆོད་པ་བཤམས། ཁྱོད་ཀྱི་བུ་ཆུང་རྒྱ་མཚོར་འགྲོ་བ་ལ། མཁའ་འགྲོས་གནང་བའི་བརྡ་སྔགས་འདི་ལྟར་ཡོད། ན་མོ་བུདྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒ་གུ་རུ་ཊཱ་ཀི་ཡ། (ཞེས་པའི་སྐྱབས་འགྲོའི་བརྡ་སྔགས་གནང༌། དེ་ནས་མཁའ་འགྲོ་རྣམས་འཇའ་ཡལ་བ་ལྟར་སོང༌།)   
(ལྡབ་སྐྱོར་རྣམ་ཐར།)  
ཡུམ་ལྷ་སྲས་བྲམ་ཟེས་རྒྱ་གར་ལྷ་བབ་མཆོད་རྟེན་ནས་གཟིམ་ཆུང་སྒྲོལ་མ་ལྷ་ཁང་དུ་ཕྱག་ཕེབས་ཤིག   
ལྷ་སྲས་བྲམ་ཟེ། (རྣམ་ཐར།)   ད་ཡང་མི་སྡོད་ད་ཡང་བཏང་ནས་འགྲོ། སྒྲོལ་མ་ལྷ་ཁང་ཕྱོགས་སུ་བཏང་ནས་འགྲོ། 
དགེ་རྒན། (གཞུང)དེ་ནས་ཡུམ་ལྷ་སྲས་བྲམ་ཟེ་སྒྲོལ་མ་ལྷ་ཁང་དུ་ཕེབས། མཁའ་འགྲོས་གནང་བའི་བརྡ་སྔགས་རྣམས་པད་མ་འོད་འབར་ལ་གསུངས། པད་མ་འོད་འབར་ཉིན་བདུན་དགོངས་པ་གནང་བ་ཚང༌། ཡུམ་སྲས་གཉིས་སྐྱེལ་མ་སྐྱེལ་ཆང་དུ་ཕྱག་ཕེབས་ཤིག  
ལྷ་སྲས་བྲམ་ཟེ། (རྣམ་ཐར།)  ཀྱེ་མ་ཀྱེ་ཧུད་དེ་འདྲའི་སྡུག་བསྔལ་ལ། ཀྱེ་ཧུད་ཀྱེ་ཧུད་ཇི་ལྟར་བྱས་ནས་འགྲོ། 
པད་མ་འོད་འབར། (རྣམ་ཐར།) ཨ་མ་ཡེ་ནས་སེམས་སྡུག་མ་གནངས་ཤིག  ནོར་བུ་ལེན་པའི་སྐལ་བ་དག་ལ་ཡོད། 
ལྷ་སྲས་བྲམ་ཟེ། (རྣམ་ཐར།)  སྐྱེས་པའི་ཆུ་མིག་ས་གཞིའི་སྟེང་ལ་སྐམ། ཤར་བའི་ཉི་མ་ནུབ་ལ་བརྒལ་ནས་སོང༌། ཨ་མས་གོས་བེར་དང་དར་འབོག་སོགས་ཕུལ། 
(ལྡབ་སྐྱོར་རྣམ་ཐར།)    
དགེ་རྒན། (གཞུང)  ཡུམ་གྱིས་བུ་ལ་སྐྱེལ་མ་སྐྱེལ་ཆང་གནང༌། རྒྱལ་པོས་ཡབ་ལ་ཕེབས་རྫོངས་གནང་བ་ཇི་བཞིན་དུ། པད་མ་འོད་འབར་ལ་འང་དེ་ལྟར་གནང༌། དབྱར་ཟླ་ར་བའི་ཚེས་ཆེན་བཅོ་ལྔའི་ཉིན། པད་མ་འོད་འབར་བཞུགས་པའི་གྲུ་གཟིངས་ཕྱག་ཕེབས་ཤིག   
གྲུ་པ། (རྣམ་ཐར།)   གྲུ་བཟང་འདི་ནང་བཞུགས་པའི་སངས་རྒྱས་པད་མ་འོད་འབར། སྙན་གྱི་དབང་པོ་མ་གཡེང་གྲུ་པ་བདག་ལ་གསོན། 
ནེ་ཙོ། (རྣམ་ཐར།)   སངས་རྒྱས་གསན་དང་པད་མ་འོད་འབར་ལགས། སྨྲ་མཁན་ནེ་ཙེའི་ཕྱོགས་ལ་ཚུར་གསོན་དང༌། 
པད་མ་འོད་འབར། (རྣམ་ཐར།)  ཨ་མས་བསླབ་པའི་བསླབ་བྱ་ཚིག་གསུམ་ཡོད། མཁའ་འགྲོས་གནང་བའི་བརྡ་སྔགས་ཚིག་གསུམ་ཡོད། 
དགེ་རྒན། (གཞུང)  སྡིག་པ་གཡག་བཤས་ཙམ་གཉིས་ཀྱིས་གྲུ་གཟིངས་སློག་ཏུ་ཡོང༌། པད་མ་འོད་འབར་གྱིས་ནི་འདི་སྐད་གསུངས། ཨ་མས་བསླབ་པའི་བསླབ་བྱ་ཚིག་གསུམ་ཡོད། མཁའ་འགྲོས་གནང་བའི་བརྡ་སྔགས་ཚིག་གསུམ་ཡོད། ན་མོ་བུདྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒ་གུ་རུ་ཊཱ་ཀི་ཡ་ཞེས། སྐྱབས་འགྲོའི་བརྡ་སྔགས་རྣམས་གསུངས་པས། འོ་མ་འཁོལ་བ་ལྟ་བུའི་རྒྱ་མཚོ་དེ། ཆུ་གྲང་བླུགས་པ་ལྟ་བུར་ཞི་བར་གྱུར། དེ་ནས་པད་མ་འོད་འབར་གྱི་དགོངས་པར། ཚོང་ཕྲུག་ལྔ་བརྒྱ་ང་མཉམ་དུ་ཐར་དཀའ་བས། དེ་བས་ཚོང་ཕྲུག་སྐམ་སའི་ཐོག་ཏུ་བཞག  ཁོང་རང་གཅིག་པུར་ཕེབས་དགོས་དགོངས་ནས། པད་མ་འོད་འབར་རང་གཤོངས་ཀོ་བར་བཞུགས་ནས་ཕྱག་ཕེབས་ཤིག      
པད་མ་འོད་འབར། (རྣམ་ཐར།)   རྒྱ་མཚོའི་ནང་དུ་རང་མགོ་རང་གིས་ཐོན་པའི་དུས། ཨ་ཇོའི་ཐོད་པས་མ་བསླུ་ཞིག  
དགེ་རྒན། (གཞུང)  པད་མ་འོད་འབར་རང་གཤོངས་ཀོ་བའི་ནང་དུ་ཕེབས། (ཀླུའི་སྒོ་སྲུང་ཀླུ་མོ་གཉིས་ཕྱག་ཕེབས་ཤིག)   
ཀླུ་མོ། (རྣམ་ཐར།)  ང་ཡི་ལག་ཏུ་འཁྱེར་བའི་སྦྲུལ་ཞག་འདི། བྱིས་པ་ཁྱོད་ཀྱི་ལུས་སུ་རྒྱག་རྒྱུ་ཡིན། 
པད་མ་འོད་འབར། (རྣམ་ཐར།)  ནན་མོ་བུདྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒ་གུ་རུ་ཊཱ་ཀི་ཡ།
ཀླུ་མོ། (རྣམ་ཐར།)  ཁྱེད་ནི་སངས་རྒྱས་ཡིན་པ་ངོ་མ་ཤེས། དད་པ་དམ་ཚིག་ལོགས་པ་མཐོལ་ལོ་བཤགས། ཀླུའི་སྒོ་སྲུང་དང་པད་མ་འོད་འབར་ཀླུ་མོ་དུང་སྐྱོང་སར་ཕེབས། 
དུང་སྐྱོང༌། (རྣམ་ཐར།)   སངས་རྒྱས་ཕེབས་པ་གང་གི་ཕྱོགས་ནས་ཕེབས། ཀླུ་ཡུལ་འདི་རུ་ཕེབས་དོན་ཅི་ཞིག་ཡིན། 
དགེ་རྒན། (གཞུང)  པད་མ་འོད་འབར་ཀླུ་ཡི་ཕོ་བྲང་ནང་དུ་གདན་དྲངས། སངས་རྒྱས་ཕེབས་པ་གང་གི་ཕྱོགས་ནས་ཕེབས། ད་ནི་བྱོན་པ་གང་གི་ཕྱོགས་སུ་བྱོན། གསུངས་པས་པད་མ་འོད་འབར་གྱིས་ནི་འདི་སྐད་གསུངས། ང་ནི་ཡོང་བ་རྒྱ་གར་ཤར་ནས་ཡོང༌། ནོར་བུ་དགོས་འདོད་ཀུན་འབྱུང་ཞུ་བར་ཡོང༌། ཀླུའི་རྒྱལ་མོས་ནོར་བུ་ཕྱག་ཏུ་བསྣམས་ནས་ནོར་བུའི་འགྲོ་དོན་གསུངས་བར་ཞུ་ཞིག 
དུང་སྐྱོང༌། (རྣམ་ཐར།) ནོར་བུའི་འགྲོ་དོན་གསུམ་པ་ཁ་བ་ཅན་ལ་ཡོད། ཁ་བ་ཅན་གྱི་ཆབ་སྲིད་མངའ་ཐང་རྒྱས་པར་ཤོག པད་མ་འོད་འབར་གྱིས་ཚོང་ཕྲུག་རྣམས་ལ་ནོར་བུའི་བྱིན་རླབས་གནང་བཞིན་ཡུམ་གྱི་ཕྱོགས་སུ་ཕེབས། 
(ལྡབ་སྐྱོར་རྣམ་ཐར།)    
དགེ་རྒན། (རྣམ་ཐར།)   ཨ་མ་གསན་དང་ལྷ་སྲས་བྲམ་ཟེ་ལགས། པད་མ་འོད་འབར་ཕྱོགས་ལ་ཚུར་གསན་དང༌། 
(གཞུང་།)གསུངས་ནས་ནོར་བུ་དགོས་འདོད་ཨ་མར་གནང༌། སྐུ་ལུས་གཟི་མདངས་སྔར་ལྟར་རྒྱས་པར་གྱུར། དེ་ནས་པད་མ་འོད་འབར་རྒྱ་མཚོ་ནས། འཁོར་བ་མུ་སྟེགས་རྒྱལ་པོའི་སྙན་ལ་འཁྱོལ། བློན་པོ་འདི་རུ་མ་སྡོད་ཅེས་གསུངས་སྐོར་གསུངས་ཤིག (རྐང་མགྱོགས་བློན་པོས་པད་མ་འོད་འབར་རྒྱལ་པོའི་དྲུང་དུ་ཁྲིད། )
མུ་སྟེགས་རྒྱལ་པོ། (རྣམ་ཐར།)  བློན་པོ་འདི་རུ་མ་སྡོད་མྱུར་དུ་སོང༌། པད་མ་འོད་འབར་ང་དྲུང་ཁྲིད་ལ་ཤོག   
པད་མ་འོད་འབར། (རྣམ་ཐར།)  སྔོན་དུས་རྒྱ་མཚོར་འགྲོ་དགོས་གསུངས་པ་ལས། ནོར་བུ་རྒྱལ་པོར་འབུལ་རྒྱུའི་ཞལ་བཞེས་མེད། 
མུ་སྟེགས་རྒྱལ་པོ། (སྐད་ཆ།)  པད་མ་འོད་འབར་ཟེར་མཁན་ནི་ཁོའི་ཕ་ལས་ལྷག་པ་འདུག བྱས་ཙང་པད་མ་འོད་འབར་ཟེར་མཁན་དེ་མེད་པ་མ་བཟོས་ན། ང་ཚོའི་རྒྱལ་སྲིད་ཚང་མ་ཁོས་འཕྲོག་གི་རེད། བྱས་ཙང་པད་མ་འོད་འབར་མེད་པ་བཟོ་རྒྱུའི་བཀའ་གྲོས་ཡག་པོ་བགྱིས། (བློན་པོ་རྣམས་ཀྱིས་གྲོས་འདྲ་མིན་བྱས་མ ར།)   
རྐང་མགྱོགས། (སྐད་ཆ།) པད་མ་འོད་འབར་ལྷོ་ནུབ་སྲིན་པོའི་ཡུལ་དུ་བཏང་ན། སྲིན་པོས་བཟའ་གི་རེད། 
མུ་སྟེགས་རྒྱལ་པོ། (སྐད་ཆ།)  དེ་འདྲ་བྱས་ན་ཡག་པོ་འདུག  
(ལྡབ་སྐྱོར་རྣམ་ཐར།)   
དགེ་རྒན། (གཞུང)  མུ་སྟེགས་རྒྱལ་བློན་རྣམས་ཀྱིས་པད་མ་འོད་འབར་སྲིན་པོའི་ཡུལ་དུ་གཏོང་རྒྱུ་བྱས། པད་མ་འོད་འབར་བྲག་རི་མཐོན་པོའི་རྩེ་ནས་ལྕེབས་དགོས་དགོངས། པད་མ་འོད་འབར་ཕྱག་ཕེབས་ཤིག  
པད་མ་འོད་འབར། (རྣམ་ཐར།)   བྲག་རི་ཆེན་པོ་གནམ་གྱི་ཀ་བ་འདྲ། སྒྲོལ་མ་ལྷ་ཁང་ཕྱོགས་ནས་བྱིའུ་དཀར་པོ་ཞིག་པད་མ་འོད་འབར་རྒྱབ་ཏུ་འཕུར་ཡོང༌། 
བྱེའུ། (རྣམ་ཐར།)  བྲག་རིའི་སྟེང་ནས་རང་སྲོག་ལྕེབས་མ་གནང༌། གསེར་སླང་རྔ་གཡབ་ལེན་པའི་སྐལ་བ་ཡོད། 
དགེ་རྒན། (གཞུང)  པད་མ་འོད་འབར་ལྷོ་ནུབ་སྲིན་པོའི་ཡུལ་དུ་ཕྱག་ཕེབས་ཤིག  པད་མ་འོད་འབར་དཔག་ཚད་མང་པོར་སྲིན་པོའི་ཡུལ་ལྕགས་ལུང་དང་རྡོ་ལུང༌། ཟངས་ལུང༌། གསེར་ལུང་བཅས་པར་ཕེབས། སྲིན་བུ་རྣམས་ཕྱག་ཕེབས་ཤིག 
(དེ་ནས་སྲིན་བོ་རྣམས་ཀྱིས་པད་མ་འོད་འབར་སྲིན་པོའི་རྒྱལ་མོའི་སར་ཁྲིད།)
སྲིན་པོའི་རྒྱལ་མོ། (རྣམ་ཐར།)   ཕ་ཕ་དེ་འདྲའི་ཡ་མཚན་ཆེ་བ་ལ། མ་སླེབས་བསམ་པ་སྲིན་པོའི་སྒོ་རྩར་སླེབས། (སྲིན་མོའི་རྒྱལ་མོས་ཟ་རྩིས་བྱས་ཀྱང་སྲིན་མོ་གཞན་གྱིས་བཀག)
པད་མ་འོད་འབར། (རྣམ་ཐར།)  ཨ་མས་བསླབ་པའི་བསླབ་བྱ་ཚིག་གསུམ་དང༌། མཁའ་འགྲོས་བསླབ་པའི་བརྡ་སྔགས་ཚིག་གསུམ་ཡོད། ཅེས་བརྡ་སྔགས་རྣམས་གསུངས། 
པད་མ་འོད་འབར་སྲིན་མོའི་ཡུལ་དུ་ཕེབས། ཕོ་བྲང་ནམ་མཁའ་ལྡིང་ཆོས་ནང་དུ་ཕེབས། སྲིན་པོའི་རྒྱལ་མོ་དཔེ་ལྟ་མགོན་སྐྱིད་དེས། ཁྱུར་མིད་བཏང་ཡང་པད་མ་འོད་འབར་སྐྱུག  དེ་ནས་སྲིན་མོས་གསེར་གྱི་སླ་ང་དང༌། འཕྱོངས་ཀྱི་རྔ་གཡབ་པད་མ་འོད་འབར་ལ་ཕུལ། 
སྲིན་མོའི་རྒྱལ་མོ། (རྣམ་ཐར།)   སངས་རྒྱས་ཁ་བ་ཅན་ལ་ཕེབས་རྒྱུར་ན། ང་ཡང་ཁ་བ་ཅན་ལ་ཁྲིད་རོགས་གནང༌། (དེ་ལྟར་སྲིན་མོ་ལྔ་པོ་མཁའ་འགྲོ་ལྔ་ལ་གྱུར། རང་རང་གི་ཁྱད་ནོར་ཁྲུས་ཆུའི་བུམ་པ་དང་། ལྕགས་ཀྱུ་དང་ཞགས་པ། སྨན་རྐྱལ། རྔ་ཕྱགས་སོགས།)
མུ་སྟེགས་རྒྱལ་པོ། (རྣམ་ཐར།) ཕྱག་ལ་ཕེབས་སམ་པད་མ་འོད་འབར་ལགས། ད་དུང་བྱོན་ནམ་ཟླ་གྲོགས་བུ་མོ་ལྔ། རང་ཡུལ་སྒྲོལ་མ་ལྷ་ཁང་གི་ཕྱོགས་སུ་ཕེབས། 
དགེ་རྒན། (གཞུང)  པད་མ་འོད་འབར་རྒྱལ་པོའི་དྲུང་དུ་ཕེབས། ཕྱག་ལ་ཕེབས་སམ་པད་མ་འོད་འབར་ལགས། ད་དུང་བྱོན་ནམ་ཟླ་གྲོགས་བུ་མོ་ལྔ། ཞེས་ཟེར་ངོ་འཛུམ་སྟོན་ཁ་འབྱེད་ཙམ་ལས། དོན་དུ་ཁྱེའུ་པད་མ་འོད་འབར་དེ་མེད་པ་བཟོ་དགོས་རྒྱལ་པོའི་ཐུགས་ལ་འཁོར། རང་རེའི་མངའ་ཞབས་དགེ་སྡིག་མ་ཤེས་པའི། བཤན་པ་བཞི་པོ་ཕྱག་ལ་ཕེབས་ཤིག    
བཤན་པ། (གཞས།)  ས་མ་འདྲིས་བྱང་ཐང་སྐྱོ་མོ་རེད། འདྲིས་ཚར་ན་རང་གི་ཕ་ཡུལ་རེད། 
མུ་སྟེགས་རྒྱལ་པོ། (རྣམ་ཐར།)  ང་ཡི་བཀའ་བཞིན་བཤན་པ་རྒན་གཞོན་ཚོ། པད་མ་འོད་འབར་ཤར་རིར་མེ་ལ་བསྲེག  (བཤན་པས་པད་མ་འོད་འབར་ཤར་རིར་ཁྲིད་ནས་མེ་ལ་བསྲེག་རྩིས་བྱས།) 
པད་མ་འོད་འབར། (རྣམ་ཐར།)  ན་མོ་བུད་དྷ་ཡ། ན་མོ་དྷ་མ་ཡ། ན་མོ་སང་ག་གུ་རུ་ཊཱ་ཀི་ཡ།(མེ་སྤར་ཡང་མེ་མ་བཞེས།)
བཤན་པ། རྣམ་ཐར། དེ་རིང་ཁྱེའུ་མེ་གཅིག་མ་བཞེས་ན། ང་ཚོ་བཤན་པའི་སྲོག་དང་བྲལ་ཉེན་ཡོད།(དེ་ལྟར་ཞུས་པས་པད་མ་འོད་འབར་གྱིས་མེ་བཞེས། པུར་ཐལ་རྣམས་ཕྱོགས་བཞིར་གཏོར་ཏེ་དེ་དོན་རྒྱལ་པོར་ཞུས།) 
མུ་སྟེགས་རྒྱལ་པོ། (སྐད་ཆ།) པད་མ་འོད་འབར་མེད་པ་བཟོས་ཚར་ན་ང་ཚོ་སྐྱིད་པོ་བྱས་ནས་སྡོད་དགོས་རེད། གསེར་གྱི་སླ་ངའི་ནང་ལ་འཛུལ།)ད་ལྟད་མོ་ཆེན་པོ་བལྟ་དགོས་རེད། 
རྐང་མགྱོགས། (སྐད་ཆ།)  འདིའི་ནང་འགྲོ་རྒྱུ་ཨ་ཡོད། 
མུ་སྟེགས་རྒྱལ་པོ།(ག་མར་ལྟད་མོ་ཆེན་པོ་བྱུང་། དེ་ནས་མགོ་ཡུར་འཁོར།)(རྣམ་ཐར།) གསེར་སླང་ཡར་ཡར་མ་བཀྱག་མར་མར་ཕོབས། མགོ་ཡང་ན་བཞིན་སྐྱུག་པ་ཤོར་གྱི་འདུག 
སྲིན་སྤྲུལ་མཁའ་འགྲོ།(རྣམ་ཐར།)   ཨ་མའི་བུ་ཆུང་དྲུག་ཅུ་ཐམ་པ་ལགས། ཨ་མས་རྒྱ་གར་ཤར་ནས་ཤ་འཁྱེར་ཡོད། 
(སྲིན་རྒྱལ་གྱི་བུ་དྲུག་ཅུ་ཐམ་པའི་དཀྱིལ་གསེར་སླང་ཁ་སྦུབས་ནས་མུ་སྟེགས་རྒྱལ་པོ་གཡུགས། རྐང་མགྱོགས་དཔག་ཚད་གསུམ་གྱི་སར་བྲོས། སྲིན་ཕྲུག་ཆུང་བས་རྗེས་འདེད་བྱས།)
སྲིན་ཕྲུག  (རྣམ་ཐར།)   ཁྱོད་ལ་བྲོས་པའི་རྐང་པ་ཡོད་ཀྱང༌། ང་ལ་བཟའ་བའི་ཁ་ཡོད། (ཕུར་ཕུར་ལན་གསུམ་བཏང་ནས་ཟས།)(མཁའ་འགྲོ་རྣམས་ཀྱིས་ཤར་རིའི་རྩེ་ནས་པད་མ་འོད་འབར་གྱི་རྣམ་ཤེས་བཀུག་ཏུ་ཕེབས།)
སྲིན་སྤྲུལ་མཁའ་འགྲོ། (རྣམ་ཐར།)  ཁྱེའུའི་རྣམ་ཤེས་བྱ་གྲོ་རླུང་འཁྱེར་དེ། གང་དུ་ཡོད་ཀྱང་རྐྱལ་པའི་ནང་དུ་ཁུགས། 
དགེ་རྒན། (གཞུང)  དེ་ནས་མཁའ་འགྲོ་སྡེ་ལྔས་ཁྱེའུའི་རྣམ་ཤེས་བཀུག ཕྱོགས་བཞིའི་རྒྱལ་ཁབ་རྣམས་དང་སྡེ་འབངས་རྣམས་ཀྱིས། གུ་རུ་ཨོ་རྒྱན་གདན་དྲངས་པར་ཞུ་ཞིག(པད་མ་འོད་འབར་གུ་རུ་ཨོ་རྒྱན་དུ་འགྱུར་ནས། དུང་རྒྱའི་ཁྲོད་ནས་གུ་རུ་གདན་དྲངས། གསེར་ཁྲིར་མངའ་གསོལ་ནས་མཇལ་དར་ཕུལ།)
པད་མ་འོད་འབར། རྣམ་ཐར། ཨེ་མ་ཉོན་དང་ང་ཡི་བློན་འབངས་རྣམས། གུ་རུ་ཨོ་རྒྱན་ཕྱོགས་ལ་ཚུར་ཉོན་དང༌།
དགེ་རྒན། (གཞུང)  ཉི་མ་དེ་རིང་ང་ཚོ(ལྷ་མོ་ཚོགས་པ་སོ་སོའི་མིང)དམངས་ཁྲོད་ལྷ་མོ་ཚོགས་པས་ཐུགས་སྲས་སྙིང་དང་འདྲ་བའི་ཁྱེའུ་པད་མ་འོད་འབར་གྱི་འཁྲུངས་རབས་རྣམ་ཐར་གྱི་ལེའུ་འདི་ཙམ་ཞིག་ལ་སརྦ་མངྒ་ལམ་ཞུས་ཏེ། མཇུག་ཏུ་བཀྲ་ཤིས་ཀྱི་གཡས་སྐོར་རིང་མོ་ཞིག་འབུལ་རྒྱུ་ཡིན།
(རྣམ་ཐར།)  མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག  ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག ཏ་ལའི་ལ་མོའི་རྩེ་ནས་བུ་ངའི་ལྷ་བསངས་དཔང་བསྟོད། འདབ་ཆགས་ཕོ་རོག་ནག་ཆུང་ཕྱེ་མར་བཞེས་ལ་ཕེབས་ཤིག
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།