༄༅།།མོན་པ་རིགས་ཀྱི་དམངས་གཞས། སཱ་མ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-18 10:21:37 ཀློག་གྲངས།:
ཡུལ་གྱི་དྲིན་ཅན་ཕ་མར་འགྱུར་ལྡོག་མེད།
དགུང་མ་ཡར་འགྱུར་འདུག་ལ་མར་འགྱུར་འདུག
ཁྲི་གདུགས་ཉི་མ་ཡེ་ལ་འགྱུར་ལྡོག་མེད།

གངས་མ་ཡར་འགྱུར་འདུག་ལ་མར་འགྱུར་འདུག
སེང་ཆེན་དཀར་མོ་ཡེ་ལ་འགྱུར་ལྡོག་མེད།

ཡུལ་མོ་ཡར་འགྱུར་འདུག་ལ་མར་འགྱུར་འདུག
ཡུལ་གྱི་དྲིན་ཅན་ཕ་མར་འགྱུར་ལྡོག་མེད།
དེ་གསུམ་འཛོམས་དང་མ་འཛོམས་སྙིང་པོ་མེད།
གནམ་དེ་དགུང་མ་ཡེ་ལ་གསུམ་འཛོམས་འདུག
གཅིག་ནི་གསེར་ཆུང་ཉི་མ་འཛོམས།
གཉིས་ནི་དཀར་གསལ་ཟླ་བ་འཛོམས།
གསུམ་ནི་རྒྱལ་སྐར་སྨིན་དྲུག་འཛོམས།
དེ་གསུམ་འཛོམས་ནས་ཚེས་གྲངས་མ་བརྩིས་ན།
དེ་གསུམ་འཛོམས་དང་མ་འཛོམས་སྙིང་པོ་མེད།

ཟངས་ཆུང་ཁ་དམར་ནང་ལ་གསུམ་འཛོམས་འདུག
གཅིག་ནི་དཀར་འཇམ་སྤུ་ཕྲུགས་འཛོམས།
གཉིས་ནི་རྒྱ་ཚོས་སྨུག་གོ་འཛོམས།
གསུམ་ནི་གཞུང་འཁན①སེར་པོ་འཛོམས།
དེ་གསུམ་འཛོམས་ནས་ཁ་དོག་མ་འགྱུར་ན།
དེ་གསུམ་འཛོམས་དང་མ་འཛོམས་སྙིང་པོ་མེད།

ཁང་ཁྱིམ་གྲུ་བཞིའི་ནང་ལ་གསུམ་འཛོམས་འདུག
གཅིག་ནི་མི་ཆེན་གཙོ་བོ་འཛོམས།
གཉིས་ནི་གཉེན་དང་ཉེ་བ་འཛོམས།
གསུམ་ནི་བསིང་ཆང་དང་པོ་འཛོམས།
དེ་གསུམ་འཛོམས་ནས་བྲོ་གཞས་མ་ཕུལ་ན།
དེ་གསུམ་འཛོམས་དང་མ་འཛོམས་སྙིང་པོ་མེད།
①ཞུང་འཁན-རྒྱ་ཚོས་ལ་འདེབས་བྱེད་ཀྱི་སྔོ་ཞིག
ཟངས་མདོག་དཔལ་རི།
གནས་ཆེན་ཟངས་མདོག་དཔལ་རིའི་རྩེ་མོ་ལ།
བླ་མ་ཨོ་རྒྱན་པད་མའི་སྡེ་ཐང་གཅིག
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྡེ་ཐང་གཉིས།
ལྷ་ལྕམ་མན་ད་ར་བའི་སྡེ་ཐང་གསུམ།
དེ་གསུམ་ཟངས་མདོག་དཔལ་རིར་ཡག་བཞིན་འཛོམས།
དེ་གསུམ་འཛོམས་ནས་བཀའ་ཆོས་མ་ཞུས་ན།
དེ་གསུམ་འཛོམས་དང་མ་འཛོམས་སྙིང་པོ་མེད།
ནོར་བུ་ཁྱེད་ཀྱིས་མ་འགྱུར་གཏན་དུ་བཞུགས།
དགུང་དེ་གསེར་ལ་དགུང་མ་གཡུ།
དགུང་གི་ཁྲི་གདུགས་ཉི་མ་ནོར་བུ་འདྲ།
ནོར་བུ་འདྲ་ཡང་འདྲ་ལ་ཡིན་ཀྱང་ཡིན།
ནོར་བུ་ཁྱེད་ཀྱིས་མ་འགྱུར་གཏན་དུ་བཞུགས།

གངས་རི་གསེར་ལ་གངས་མ་གཡུ།
གངས་ཀྱི་སེང་ཆེན་དཀར་མོ་ནོར་བུ་འདྲ།
ནོར་བུ་འདྲ་ཡང་འདྲ་ལ་ཡིན་ཀྱང་ཡིན།
ནོར་བུ་ཁྱེད་ཀྱིས་མ་འགྱུར་གཏན་དུ་བཞུགས།

ཡུལ་དེ་གསེར་ལ་ཡུལ་མོ་གཡུ།
ཡུལ་གྱི་དྲིན་ཅན་ཕ་མ་ནོར་བུ་འདྲ།
ནོར་བུ་འདྲ་ཡང་འདྲ་ལ་ཡིན་ཀྱང་ཡིན།
ནོར་བུ་ཁྱེད་ཀྱིས་མ་འགྱུར་གཏན་དུ་བཞུགས།
འགྲུལ་པ་གནས་ལ་ལོག་མ་ཤེས།
མར་ཕྱོགས་རྒྱ་ཡུལ་①ཁང་ཁྱིམ་འཇག་མའི་ཁྱིམ།
འཇག་མའི་ཁྱིམ་ལ་འཇག་མའི་སྒོ།
འཇག་མའི་སྒོ་ཆུང་འབྱེད་པའི་སྐབས།
འབྲས་ཆང་དཀར་མོས་ཁེངས་ནས་འདུག
འབྲས་ཆང་དཀར་མོར་ཞེན་ཆགས་ནས།
འགྲུལ་པ་གནས་ལ་ལོག་མ་ཤེས།

ཕར་ཕྱོགས་བོད་ཡུལ་ཁང་ཁྱིམ་གཡམ་པའི་ཁྱིམ།
གཡམ་པའི་ཁྱིམ་ལ་གཡམ་པའི་སྒོ།
གཡམ་པའི་སྒོ་ཆུང་འབྱེད་པའི་སྐབས།
ནས་ཆང་སྔོན་མོས་ཁེངས་ནས་འདུག
ནས་ཆང་སྔོན་མོར་ཞེན་ཆགས་ནས།
འགྲུལ་པ་གནས་ལ་ལོག་མ་ཤེས།

ཚུར་ཚུར་མོན་ཡུལ་ཁང་ཁྱིམ་པང་ལེབ་ཁྱིམ།
པང་ལེབ་ཁྱིམ་ལ་པང་ལེབ་སྒོ།
པང་ལེབ་སྒོ་ཆུང་འབྱེད་པའི་སྐབས།
ཁྲེ་ཆང་དཀར་མོས་ཁེངས་ནས་འདུག
ཁྲེ་ཆང་དཀར་མོར་ཞེན་ཆགས་ནས།
འགྲུལ་པ་གནས་ལ་ལོག་མ་ཤེས།
① རྒྱ་ཡུལ- རྒྱ་གར་ཡིན།
སྤུན་ལ་གླུ་ལེན་ཞུ་ཡས་གླུ་གནང་རོགས།
མར་མར་ཀྱ①ཡུལ་བུམ་པ་དར་བུམ་པ།
མི་དེ་ཁྱོད་ལ་དར་བུམ་བཤིག་རྒྱུ་འདུག
སྤུན་ལ་གཉེན་དར་ཞུ་ཡས་དར་གནང་རོགས།

ཕར་ཕར་བོད་ཡུལ་བུམ་པ་ཆོས་བུམ་པ།
མི་དེ་ཁྱོད་ལ་ཆོས་བུམ་བཤིག་རྒྱུ་འདུག
སྤུན་ལ་སངས་དར་རྒྱས་ཡས་ཆོས་གནང་རོག
ཚུར་ཚུར་མོན་ཡུལ་བུམ་པ་གླུ་བུམ་པ།
མི་དེ་ཁྱོད་ལ་གླུ་བུམ་བཤིག་རྒྱུ་འདུག
སྤུན་ལ་གླུ་ལེན་ཞུ་ཡས་གླུ་གནང་རོགས།
①ཀྱ་ནི་རྒྱ་གར་ལ་ཟེར།
 
མཚོ་མོ་ན་ར་གཡུ་མཚོ།
མཚོ་མོ་ན་ར་གཡུ་མཚོ་བྱ་མོ་དཀར་མོ་རང་ཡིན།
བྱ་མོའི་དབུ་དེ་གངས་དཀར་རྩེ་ལ་བཞག
མི་རྒྱུད་གངས་རི་ལས་མཐོ་བའི་བཀྲ་ཤིས་སྨོན་ལམ་ཤོག
བྱ་མོའི་སྤྱན་མིག་གཉིས་པོ་རྒྱལ་ཁམས་ཀུན་ལ་གཟིགས།
རྒྱལ་ཁམས་སྐུ་ཁམས་བཟང་བའི་བཀྲ་ཤིས་སྨོན་ལམ་ཤོག
བྱ་མོའི་གཤོག་སྒྲོ་གཡས་པ་རྡོ་རྗེ་བྲག་ལ་བཞག
མི་རྒྱུད་བྲག་ལས་མཐོ་བའི་བཀྲ་ཤིས་སྨོན་ལམ་ཤོག
བྱ་མོའི་གཤོག་སྒྲོ་གཡོན་མ་ཙན་དན་ནགས་ལ་བཞག
མི་རྒྱུད་ནགས་ལས་རིང་བའི་བཀྲ་ཤིས་སྨོན་ལམ་ཤོག
བྱ་མོའི་སྡེར་མོ་གཉིས་པོ་ས་གཞི་མད་ལ་བཞག
ས་གཞི་འབྲུ་སྣ་འཛོམས་པའི་བཀྲ་ཤིས་སྨོན་ལམ་ཤོག
བྱ་མོའི་མཇུག་གུ་སྔོན་མོའི་ཆུ་ལ་བཞག
མི་རྒྱུད་ཆུ་ལས་རིང་བའི་བཀྲ་ཤིས་སྨོན་ལམ་ཤོག
མེ་ཏོག་གཉིས་པ།
མེ་ཏོག་སྟག་མ་མེ་ཏོག་མཚལ་ཀ་མ།
མ་བསྡུར་ཚོས་དང་མཉམ་པ་འདུག
བསྡུར་ན་ཚོས་ལས་ཡག་པ་འདུག

མེ་ཏོག་འང་གོང་མེ་ཏོག་མར་གྱི་མདོག
མ་བསྡུར་མར་དང་མཉམ་པ་འདུག
བསྡུར་ན་མར་ལས་ཡག་པ་འདུག
ལ་མོ་དང་པོ་རྒྱག་དུས་མིས་མ་ཚོར།
ལ་མོ་དང་པོ་རྒྱག་དུས་མིས་མ་ཚོར།
ལ་མོ་གཉིས་པ་རྒྱག་དུས་ཁྱིས་མ་ཚོར།
ཤར་ལམ་བྱ་མོ་དཀར་མོ་བསྐོར་ནས་འགྲོ།
ལམ་རྒྱགས་སྐེད་རགས་བར་ལ་བཅུག་ནས་འགྲོ།
བཅོ་བརྒྱད་དྲུག་ཅུ་ལངས་ཀྱང་གླག་མ་འཁེལ།
སྤང་དང་བྱེ་མའི་མཚམས་ལ།
སྤང་དང་བྱེ་མའི་ས་མཚམས་ལ།
མེ་ཏོག་དོའུ་ཁུ་མེ་ཏོག་ཡག་ཅིག་འཁྲུངས།
གཡས་ནས་ཕྱུགས་རྫིས་བསྙབས་ནས་མ་འཁྱེར་ལོ།
གཡོན་ནས་ལུག་རྫིས་བསྙབས་ནས་མ་འཁྱེར་ལོ།
མེ་ཏོག་དོའུ་ཁུ་མེ་ཏོག་འཁྲུངས་སུ་ཆུག
ང་ཚོའི་འབྲོག་གསར་སྟོད་ཀྱི་སེར་ལེབ་འབྲི།
ང་ཚོའི་འབྲོག་གསར་སྟོད་ཀྱི་སེར་ལེབ་འབྲི།
སེར་ལེབ་འོ་མ་དགུང་ཆར་དྲག་པོ་འདྲ།
གངས་ཆུ་དཀར་མོ་གསུམ་དང་མཐུན་པ་འདུག
ང་ཚོའི་ཁྲོམ་གསར་སྟོད་ཀྱི་གྱི་ལིང་རྟ།
གྱི་ལིང་འགྲོས་ནི་དཔྱིད་གསར་རླུང་བུ་འདྲ།
ཤྭ་བ་ཡུ་མོ་གསུམ་དང་མཐུན་པ་འདུག

ང་ཚོའི་སྤང་གསར་སྟོད་ཀྱི་གཡང་དཀར་ལུག
གཡང་དཀར་ལུ་གུའི་བལ་འཇམ་སྤྲིན་དཀར་འདྲ།
ལྷོ་སྤྲིན་དཀར་པོ་གསུམ་དང་མཐུན་པ་འདུག
མར་ཕྱོགས་ཀྱ་ཡི་ཡུལ་ལ་སླེབས་པའི་སྐབས།
མར་ཕྱོགས་ཀྱ①ཡི་ཡུལ་ལ་སླེབས་པའི་སྐབས།
བྱ་མོ་རྨ་བྱ་སྤུ་ཁ་མཛེས་བཞིན་འདུག
སྤུན་ལ་སྤུ་མདོག་འབུལ་ཡས་སྤུ་གནང་རོགས།

ཕར་ཕྱོགས་བོད་ཀྱི་ཡུལ་ལ་སླེབས་པའི་སྐབས།
བྱ་མོ་ཁུ་བྱུག་གསུང་སྐད་སྙན་བཞིན་འདུག
སྤུན་ལ་གསུང་ལེན་ཞུ་ཡས་གསུང་གཡར་རོགས།

ཚུར་ཚུར་མོན་གྱི་ཡུལ་ལ་སླེབས་པའི་སྐབས།
དམན་བཟང་བུ་མོ་གླུ་ཁ་ཆེ་བཞིན་འདུག
སྤུན་ལ་གླུ་ལེན་ཕུལ་ཡས་གླུ་གནང་རོགས།
ད་དུང་ལོ་གསུམ་ཡུལ་གྱི་རྒྱན་གནང་རོགས།

ང་ཚོ་ཕུ་གསུམ་ཕུ་ལ་སླེབས་པའི་སྐབས།
ཕུ་ཡི་ཕུ་ཐོང་②མེ་ཏོག་ཡག་བཞིན་འཁྲུངས།
ཕུ་ལ་འཁྲུངས་པ་ཙམ་གྱིས་ཁྱེད་འགྲིག་འདུག
ད་དུང་ལོ་གསུམ་ཕུ་ཡི་རྒྱན་གནང་རོགས།

ང་ཚོ་མདའ་གསུམ་མདའ་ལ་སླེབས་པའི་སྐབས།
མདའ་ཡི་ཙན་དན་ལྡུམ་བུ་ཡག་བཞིན་འཁྲུངས།
མདའ་ལ་འཁྲུངས་པ་ཙམ་གྱིས་ཁྱེད་འགྲིག་འདུག
ད་དུང་ལོ་གསུམ་མདའ་ཡི་རྒྱན་གནང་རོགས།

ང་ཚོ་ཡུལ་གསུམ་ཡུལ་ལ་སླེབས་པའི་སྐབས།
ཡུལ་གྱི་ན་ཆུང་བུ་མོ་ཡག་བཞིན་འཁྲུངས།
ཡུལ་ལ་འཁྲུངས་པ་ཙམ་གྱིས་ཁྱེད་འགྲིག་འདུག
ད་དུང་ལོ་གསུམ་ཡུལ་གྱི་རྒྱན་གནང་རོགས།
① ཀྱ-རྒྱ།
②ཕུ་ཐོང་།-མེ་ཏོག་ཅིག
སིན་མོ་ནས་ཐང་།
སིན་མོ་ནས་ཐང①ང་ཡིས་བྱ་བ་རང་སྤེལ་ན།
ཀྱི(གྱི)ལིང་རྟ་ཕོའི་སྐད་དེ་ཙ་མ་རང་ཙེར།
སིན་མོ་ནས་ཐང་ང་ཡིས་བྱ་བ་རང་སྤེལ་ན།
སེར་ལེབ་འབྲི་མོའི་སྐད་དེ་ད་མ་རང་དིར།
སིན་མོ་ནས་ཐང་ང་ཡིས་བྱ་བ་རང་སྤེལ་ན།
གཡང་མོ་ལུ་གུའི་སྐད་དེ་ཨ་མ་རང་ཨེར།
སིན་མོ་ནས་ཐང་།-གླུ་མིང་སྟེ། དམངས་གཞས་ཟེར་བ་ལྟ་བུ།
གཡུ་ཡི་རི་བོ་ཆེན་པོ།
གཡུ་ཡི་རི་བོ་ཆེན་པོའི་རྩེ་མོ་ལ།
གངས་དང་ཁ་བ་དཀར་པོས་རྒྱན་སྤྲས་འདུག
ལོ་གསུམ་རི་བོ་བསོད་ནམས་མ་ཉམས་ན།
ཁ་བ་དྲོད་ཀྱིས་འཁྱེར་དུ་འཇུག་གི་མིན།

ཤིང་དེ་ཙན་དན་སྡོང་པོའི་རྩེ་མོ་ལ།
མེ་ཏོག་པད་མ་སྟོབས་ལྡན་ལེགས་འཁྲུངས་འདུག
ལོ་གསུམ་སྡོང་པོ་བསོད་ནམས་མ་ཉམས་ན།
མེ་ཏོག་ས་ལ་ཟག་ཏུ་འཇུག་གི་མིན།
ང་ཚོའི་གཡུ་ཡུལ་ཡག་པོ་སྐྱིད་ཐང་ལ།
ན་ཆུང་མོ་བཟང་ཡག་པོ་འཚར་བཞིན་འདུག
ལོ་གསུམ་ཡུལ་གྱི་བསོད་ནམས་མ་ཉམས་ན།
ན་ཆུང་གཞན་ལ་འཁྱེར་དུ་འཇུག་གི་མིན།
རྒྱ་རེའུ་ཤིང་།
ཤིང་དེ་རྒྱ་རེའུ་ཤིང་དེ་རྒྱ་རེའུ་ཤིང་།
རྒྱ་རེའུ་རྩེ་ཡིས་དར་ཤིང་ཡོང་བ་འདུག
རས་ཆེན་དཀར་པོ་དེ་དང་མཐུན་པ་འདུག

ཤིང་དེ་རྒྱ་རེའུ་ཤིང་དེ་རྒྱ་རེའུ་ཤིང་།
རྒྱ་རེའུ་སྐེད་པས་ལྒིབས་ཤིང་ཡོང་བ་འདུག
ཆོས་དེ་པད་མ་བཀའ་ཐང་དང་མཐུན་པ་འདུག

ཤིང་དེ་རྒྱ་རེའུ་ཤིང་དེ་རྒྱ་རེའུ་ཤིང་།
རྒྱ་རེའུ་རྩ་བས་ཛབ་ཡ(ཕོར)ཡོང་བ་འདུག
བསིང་ཆང་དང་པོ་ཞིག་དང་མཐུན་པ་འདུག
ང་ཚོ་ཕུ་གསུམ་ཕུ་ལ་སླེབས་པའི་དུས།
ང་ཚོ་ཕུ་གསུམ་ཕུ་ལ་སླེབས་པའི་དུས།
ཕུ་ཡི་ཐང་ཤིང་མྱུ་གུ་ཏུར་དུ་①མཇལ།
དེ་ལ་མ་ཞོ་②ཡག་པོ་བཞར་ནས་བཞག

ང་ཚོ་ནགས་གསུམ་ནགས་ལ་སླེབས་པའི་དུས།
མདོ་ཡི་སྒྲོན་ཤིང་མྱུ་གུ་ཏུར་དུ་མཇལ།
དེ་ལ་སྐྲ་ལོ་ཡག་པོ་ལྷས་ནས་བཞག

ང་ཚོ་ཡུལ་གསུམ་ཡུལ་ལ་སླེབས་པའི་དུས།
ཡུལ་གྱི་མི་ཆེན་གཙོ་བོ་ཏུར་དུ་མཇལ།
དེ་ལ་དགའ་གཞས་གླུ་དབྱངས་ཕུལ་བ་ཡིན།
①ཏུར་དུ་-ཧོབ་སྟེ།
②མ་ཞོ།-སྐྲ་བང་ཀ་ལི་ལྟ་བུ།
ཤར་ཕྱོགས་རི་བོའི་ཁ་ནས།
ཤར་ཕྱོགས་རི་བོའི་ཁ(རྩེ)ནས་ཉི་མ་ཤར།
ནུབ་ཁ་བའི་ཐང་ལ་སུ་ལུ་སུ་ལུ①སོང་།
གངས་དེ་བཞུ་ཡོང་བསམས་ནས་བསྔལ་གྱིས②ལྟ་རུ་ལྟ་རུ་ཕྱིན།
གངས་བཞུ་ཡང་མ་བཞུ་ཁ་ཆེན་ཞིག་བབས།
སེང་གེ་དཀར་མོ་སྐུ་ཚེ་སྐྱིད་ནས་ཉལ།
བྱང་ཐང་རླུང་གི་ཁ་ནས་རླུང་ཞིག་ལངས།
ལྷོ་ཙན་དན་ཕྱོགས་ལ་སུ་ལུ་སུ་ལུ་སོང་།
ཙན་སྡོང་ཆག་ཡོང་བསམས་ནས་བསྔལ་གྱིས་ལྟ་རུ་ལྟ་རུ་ཕྱིན།
ཤིང་ཆག་ནི་མ་ཆག་ལོ་འདབ་ཏུ་རྒྱས།
བྱ་མོ་རྨ་བྱ་སྐུ་ཚེ་སྐྱིད་ནས་ཉལ།
གནམ་གཞུང་སྔོན་མོའི་དཀྱིལ་ནས་ཆར་ཞིག་བབས།
ས་དོག་མོའི་སྟེང་ལ་སུ་ལུ་སུ་ལུ་སོང་།
ས་དེ་རལ་ནི་མ་རལ་རྩྭ་མཚོ་སྐྱེས།
གཟུགས་བཟང་མཛོ་མོ་སྐུ་ཚེ་སྐྱིད་ནས་ཉལ།
①སུ་ལུ་སུ་ལུ།-བྲེལ་བྲེལ་འཚུབ་འཚུབ།
②བསྔལ་གྱིས།-སྡུག་བསྔལ་གྱིས།
མོ་བཟང་ཨ་མས་བསར་བའི་ཧྲུའུ་པོ།
མོ་བཟང་ཨ་མས་བསར་བའི་ཧྲུའུ་པོ་①དེ།
ང་ཚོས་མཆོད་གཏོར་སྟེང་ཕྱོགས་ལྷ་ལ་ཕུལ།
སྟེང་ཕྱོགས་ལྷ་ཡི་བྱིན་རླབས་ཐོབ་པ་ཤོག

མོ་བཟང་ཨ་མས་བསར་བའི་ཧྲུའུ་པོ་དེ།
ང་ཚོས་མཆོད་གཏོར་བར་ཕྱོགས་བཙན་ལ་ཕུལ།
བར་ཕྱོགས་བཙན་གྱི་དཔའ་རྩལ་ཐོབ་པ་ཤོག

མོ་བཟང་ཨ་མས་བསར་བའི་ཧྲུའུ་པོ་དེ།
ང་ཚོས་མཆོད་གཏོར་འོག་ཕྱོགས་ཀླུ་ལ་ཕུལ།
འོག་ཕྱོགས་ཀླུ་ཡི་ནོར་རྫས་ཐོབ་པ་ཤོག
①ཧྲུའུ་པོ།-ཡོས་ལ་ཟེར།
ང་ཚོ་ཆོས་ཁང་གཅིག་གི་ཆོས་གྲོགས་ཡིན།
ཁྲི་གདུགས་དགུང་མོའི་དཀྱིལ་ལ་བཞུགས་པའི་སྐབས།
དྲོད་འཇམ་འཛམ་བུ་གླིང་ལ་ཁྱབ་ཀྱི་འདུག
གངས་ཆུ་དཀར་མོ་གངས་ནས་ཐིགས་པའི་སྐབས།
བཟང་ཆུ་འཛམ་བུ་གླིང་ལ་ཁྱབ་ཀྱི་འདུག
ན་ཆུང་ཕ་མའི་འགྲམ་དུ་སྡོད་པའི་སྐབས།
བྱམས་དང་སྙིང་རྗེ་གཞན་ལ་རེ་དགོས་མེད།
མ་ཤི་མ་བྲལ་བྱེད་དོ་ང་རང་ཚོ།
ཤི་ན་ཕངས་རེས་བྱེད་དོ་ང་རང་ཚོ།
ང་ཚོ་ཕ་མ་གཅིག་གི་ཕྲུ་གུ་ཡིན།
ང་ཚོ་ཆོས་ཁང་གཅིག་གི་ཆོས་གྲོགས་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།