༄༅།།དགེ་རྒན་བསོད་ལོས་ལས་འཁྱུར་ངལ་གསོ་བྱས་རྗེས་ད་དུང་ག་ས་གང་དུ་སློབ་ཁྲིད་ཀྱི་ལས་ལ་གཞོལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-09 09:08:56 ཀློག་གྲངས།:
      ཁོའི་མིང་ལ་བསོད་ལོ་ཟེར། 1966ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་རྒྱ་ར་གཡང་སྡེ་ཕྱུག་མོ་ནས་སྐྱེས། ཁོ་རང་ཆུང་དུས་ནས་དཔེ་ཀློག་དང་ཐོས་བསམ་བྱེད་པ་ལ་སྤྲོ་བས་འཇུག་ཅིང་བློ་རིག་སྐྱེན་པོ་འཛོམས་སྟབས། སྔ་རྗེས་སུ་ས་གནས་དེ་གའི་སློབ་ཆུང་དང་སློབ་འབྲིང་འགྲིམས་ཏེ་སློབ་གཉེར་གྱི་གོམ་ཁ་བསྒྱུར། 1986ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཕྱིར་ཕ་ཡུལ་བྲག་དཀར་རྫོང་དུ་སླེབས་ནས་མི་ལོ་སུམ་ཅུའི་རིང་ལ་དགེ་རྒན་གྱི་བྱ་བ་གཉེར། བགྲང་བྱ་སུམ་ཅུའི་རིང་གི་དགེ་རྒན་གྱི་བྱ་བ་འདི་ཉིད་ཁོ་ལ་མཚོན་ན་མི་ཚེ་ཁྲོད་ཀྱི་ཆེས་རིན་ཐང་ལྡན་ཞིང་ཆེས་ཕྱིར་དྲན་ཡོད་པའི་ལོ་ཟླ་ཞིག་ཡིན་ཞིང་། དུས་ཡུན་འདིར་ཁོས་དགེ་རྒན་ཞེས་པའི་ལས་གནས་ཕལ་བའི་སྟེང་ནས་ས་གནས་སློབ་གསོའི་འཕེལ་རྒྱས་དང་རོང་འབྲོག་མང་ཚོགས་ཀྱི་བྱིས་པ་རྣམས་ལ་ཤེས་རིག་གི་གཉོམ་ལག་རྒྱས་པའི་ཕྱིར་དཀའ་ངལ་ཅི་འདྲ་ཞིག་མྱངས་ཡོད་པ་དང་ལུས་སེམས་ཅི་འདྲ་ཞིག་ངལ་ཡོད་པ་ནི་སུས་ཀྱང་རྟོགས་དཀའ། ཁོ་རང་རྒྱུན་པར་སློབ་གྲྭའི་དབྱར་དགུན་གནང་གི་སྐབས་སུ་སློབ་མ་ཚོའི་ཁྱིམ་དང་སྡེ་བར་ཕེབས་ཏེ་ཁྱིམ་བདག་དང་མཉམ་དུ་སློབ་མའི་སློབ་སྦྱོང་གི་ཁ་ཕྱོགས་དང་མི་གཤིས་ཀུན་སྤྱོད། འཕྲོད་བསྟེན་སོགས་ཀྱི་ཐད་ནས་གླེང་མོལ་བྱས་ཏེ་ཡུལ་ལུང་དེའི་ཁྱིམ་གྱི་སློབ་གསོ་ལ་འཕེལ་རྒྱས་ཆེན་པོ་བྱུང་། ལོ་རབས་བརྒྱད་ཅུའི་ཡར་སྔོན་དུ་སློབ་གསོའི་གནས་བབས་ཆེས་རྗེས་ལུས་ཀྱི་ས་ཁུལ་དེ་ད་ལྟ་ཁོང་གིས་ལོ་ངོ་དུ་མའི་རིང་གི་སློབ་གསོ་དང་སྐུལ་འདེད་ལ་བརྟེན་ནས་སྔ་རྗེས་སུ་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་དང་འབྱུང་བཞིན་ལགས། 
      ཁོས་འདི་དག་ཐམས་ཅད་དཀའ་ངལ་ཞིག་ཏུ་མི་བསམ་པར་ལོ་མང་ལ་གཉེར་བའི་སློབ་གསོའི་འདུ་ཤེས་དང་འགན་འཁྲི་རུ་བསམ་ཏེ་མི་ཚེའི་ཕྲེང་བརྒྱུད་ཀྱི་སློབ་གསོའི་འདུ་ཤེས་དང་།ཁྱིམ་བདག་གི་འགན་འཁྲི་སྟེ་རང་ཉིད་ཀྱིས་རང་ཉིད་ལ་འགན་ཁུར་རྒྱུ་མ་ཟད། ད་དུང་རང་གི་བུ་རབས་ཚ་རྒྱུད་སོགས་མི་རབས་གསུམ་གྱི་སློབ་གསོ་ལ་འགན་ཁུར་དགོས་པ་དང་། སྒོས་སུ་བུད་མེད་ཀྱི་སློབ་གསོ་ཆེས་གལ་ཆེ་བར་མཐོང་སྟེ་བུད་མེད་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་ཞེས་པ་སོགས་ཀྱི་སློབ་གསོའི་སྡོམ་ཚིག་དང་གནས་ལུགས་ལ་ཁུངས་བཅོལ་ནས་རང་ནུས་ཅི་ལྕོགས་ཀྱིས2014ལོ་ནས་བཟུང་བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་སློབ་གྲྭའི་ཇ་མ་དང་མལ་ཁང་དོ་དམ་པ། གད་དར་བ། བདེ་སྲུང་མི་སྣ་སོགས་རོང་འབྲོག་ཁུལ་ནས་ཐོན་ཞིང་བོད་སྐད་ཡིག་ལ་རྨོངས་པ་རྐྱང་རྐྱང་ཡིན་ལ། ཐ་ན་རང་ཉིད་ཀྱི་མིང་ཙམ་ཡང་འབྲི་མི་ཤེས་པའི་གནད་དོན་མཐོང་སྟེ། ངལ་གསོའི་དུས་ཚོད་བེད་སྤྱད་ནས་མི་སྣ་བཞི་བཅུ་ལྷག་བསྡུས་ཏེ་རིན་མེད་སྒོས་དབྱངས་གསལ་སོ་བཞི་ངོས་འཛིན་སྟངས་ནས་འབྲི་ཀློག་བྱེད་སྟངས་སོགས་མཛུབ་མོ་རི་སྟོན་གྱི་ཚུལ་མཛད་པས་ལོ་གཅིག་ཙམ་གྱི་རྗེས་ནས་བོད་ཀྱི་སྐད་ཡིག་འབྲི་ཀློག་ལ་བྱང་ཆུབ་པར་གྱུར། གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་པ་དང་མཉམ་དུ་ཁོས་བོད་ཀྱི་རོང་འབྲོག་ཁུལ་དུ་ད་དུང་ཆུང་དུས་ནས་སློབ་གཉེར་བྱ་རྒྱུའི་བགོ་སྐལ་མ་བྱུང་བ་བགྲང་གིས་མི་ལངས་པ་ཡོད་སྙམ་ནས་མུ་མཐུད་དུ་རིན་མེད་སྒོས་སློབ་ཁྲིད་ཀྱི་བྱ་བ་གཉེར་རྒྱུའི་ཆོད་སེམས་བྲག་ལ་བརྐོས་བའི་རི་མོ་བཞིན་བརྟན་པོར་གྱུར།
      དུས་ཚོད་ཀྱི་འགྲོས་དང་བསྟུན་ནས2016ལོར་ཁོའི་མི་ལོ་སུམ་ཅུའི་རིང་གི་གཞུང་བཙུགས་སློབ་གྲྭའི་དགེ་རྒན་གྱི་བྱ་བ་མཇུག་རྫོགས་ཏེ་ལས་འཁྱུར་ངལ་གསོ་བྱེད་པའི་དུས་ལ་སླེབས། ཡིན་ཡང་ཁོའི་བསམ་ཚུལ་ལ་སྤྱིར་རང་ཉིད་བོད་རིགས་ཤིག་ཡིན་པ་དང་ལྷག་པར་དུ་བོད་སྐད་ཡིག་གི་དགེ་རྒན་ཞིག་ཡིན་ཕྱིན་རོང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་རྐྱེན་གང་མང་གིས་སློབ་གཉེར་བྱེད་མྱོང་མེད་པའི་མི་མང་པོ་ཞིག་ཡོད་ལ། ཇི་སྐད་དུ། ས་སྐྱ་ལེགས་བཤད་ལས། རིག་པ་ནངས་པར་འཆི་ཡང་བསླབ།། ཚེ་འདིར་མཁས་པར་མ་གྱུར་ཀྱང་།།སྐྱེ་བ་ཕྱི་མར་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་དང་མཚུངས།།ཞེས་གསུངས་པ་ནང་བཞིན་དུ་ཡིག་ངོ་ཙམ་ཡང་མི་ཆོད་པར་ཁྱིམ་ཐབ་ཁོ་ནའི་ཆེད་དུ་འདུར་རྒྱུག་བྱེད་བཞིན་པའི་མང་ཚོགས་འདི་དག་ལ་སློབ་ཁྲིད་རེ་བྱེད་ཐུབ་ན་གང་དེ་ཉིད་སྐྱེ་བ་ཕྱི་མར་མི་འཇོན་ཐང་ཅན་དུ་ཡོང་བར་ལྷན་ཅིག་བྱེད་པའི་རྒྱུ་བཟང་བོ་ཞིག་སྐྲུན་ཡོད་པ་དང་། གཞན་ཡང་རྒྱལ་ཁབ་དང་མི་རིགས་ཤིག་གི་ཡར་རྒྱས་ནི་སློབ་གསོ་ལ་རག་ལས་པས། རང་སྡེ་བ་ནས་དབུ་བཙུགས་ཏེ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མཚོ་ལྷོ་ཁུལ་ཡོངས་དང་། མཚོ་བྱང་དང་རྨ་ལྷོ། དཔའ་ལུང་། ཐ་ན་ཞིང་ཆེན་གཞན་པ་སོགས་ཀྱི་རོང་འབྲོག་ཁུལ་གྱི་བོད་སྐད་ཡིག་ལ་དུང་བ་ཟབ་ཅིང་སློབ་སྦྱོང་གི་གོ་སྐབས་མ་རེག་པ་རྣམས་ལ་བུམ་པ་གང་བྱོ་དང་མཛུབ་མོ་རི་སྟོན་གྱི་ཚུལ་མཛད། ཡང་ས་སྐྱ་ལེགས་བཤད་ལས། མི་ལ་བརྩོན་འགྲུས་ལྡན་གྱུར་ན།། འཇིག་རྟེན་འདི་ན་དཀའ་བ་མེད་ཅེས་དང་། ཆུ་ཤིང་བསྟན་བཅོས་ལས། ཆུ་ཐིགས་རྟག་ཏུ་འབབ་པ་ཡིས།། བྲག་གི་རི་བོ་འབིགས་ལ་ལྟོས།། ཞེས་པ་ནང་བཞིན་ལས་འཁྱུར་ངལ་གསོ་བྱས་ནས་ཀུན་སློང་གཞན་ཕན་གྱིས་བརྒྱན་ཏེ་རང་གི་དཔེ་ཁང་ཆུང་ཆུང་དུ་ཀློག་ཀླད་དང་ཁ་པར་སྤྱད་ནས་སློབ་ཁྲིད་བྱེད་པའི་ལས་ལ་ཞུགས་ཤིང་། སྔ་གཞུག་ཏུ་དབྱངས་གསལ་འཛིན་གྲྭ་དང་བརྩོན་འགྲུས་འཛིན་གྲྭ རྨང་གཞིའི་འཛིན་གྲྭ སྒྲ་སྦྱོར་འཛིན་གྲྭ ཤེས་རབ་འཛིན་གྲྭ ཚད་མེད་འཛིན་གྲྭ ཀུན་ཕན་འཛིན་གྲྭ རྒྱུ་འབྲས་འཛིན་གྲྭ་བཅས་འཛིན་གྲྭ་རེ་སློབ་མ་བརྒྱ་ལྷག་གིས་གྲུབ་པའི་འཛིན་གྲྭ་བརྒྱད་བསྒྲུབས་ཏེ་ས་ཕྱོགས་སོ་སོའི་མང་ཚོགས་ཆིག་སྟོང་ལྷག་ལ་རིན་མེད་སྒོས་བོད་སྐད་ཡིག་སློབ་ཁྲིད་བྱས་ལ། སློབ་མ་འདི་དག་གི་ཁྲོད་དུ་ཕྱུགས་རྫི་དང་ཞིང་བ། ཁེ་ལས་པ། ཚོང་བ་ཡོད་ལ། ཐ་ན་ལོ་ན་བགྲེས་པའི་རྒན་པོ་དང་རྒན་མོ། ཆུང་དུས་བོད་སྐད་ཡིག་སྦྱངས་མ་མྱོང་བའི་སློབ་མ་དང་ལས་བྱེད་པ་སོགས་ཀྱང་ཡོད་པས། དུས་ཡུན་རིང་ཞིང་ས་ཁུལ་གྱི་ཁྱབ་ཚད་ཆེ། རྒྱུ་མཚན་དེའི་དབང་གིས་འདི་ནི་ཁོང་གི་མི་ཚེར་འོད་སྟོང་འབར་ཞིང་དོན་སྙིང་ཆེ་ཆེར་ལྡན་པའི་བྱ་གཞག་ཅིག་གོ།
      མདོར་ན། ཁོང་གིས་བགྲང་བ་བཅུ་ཕྲག་བཞི་ལ་གཞི་རིམ་གྱི་སློབ་གསོ་སྒྲུབ་ནས་སློབ་མའང་འབོར་ཆེན་བསྐྱངས། དེ་མིན་གཞི་རིམ་གྱི་རོང་འབྲོག་མང་ཚོགས་ཆིག་སྟོང་ལྷག་ལ་རིན་མེད་སྒོས་བོད་སྐད་ཡིག་སློབ་ཁྲིད་བྱས་ཏེ་གྲུབ་འབྲས་བླ་ན་མེད་པ་བྱུང་། དེ་ནི་ཁོང་གིས་མི་ཚེ་དོན་ཡོད་དང་རྒྱལ་ཁབ་དང་མི་རིགས་སློབ་གསོ་འཕེལ་རྒྱས་ལ་བྱས་རྗེས་ཕྲན་ཙམ་བཞག་པར་སྙམ་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།