ཕ་སྐད་ལ་བརྒྱུས་པའི་རང་གཏམ།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། 2011-05-08
མཚོ་སྔོན་པོ་དྲ་བ།

སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། དམའ་འབྲིང་།
རུས་མིང་།  རྡོ་རྗེ་རབ་བརྟན།
འཛིན་གྲྭ། དམའ་འབྲིང་གསུམ་པའི་འཛིན་གྲྭ་བཞི་བ། 
 

ཕ་སྐད་ལ་བརྒྱུས་པའི་རང་གཏམ།

                                                                                                                 
                                                                                                                 རྡོ་རྗེ་རབ་བརྟན།

    ཕ་སྐད།
    ཁྱེད་ནི་མི་རིགས་ཤིག་གི་བླ་སྲོག་དང༌།
    དུས་རབས་ཤིག་གི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན།
    ཁྱེད་ནི།
    གངས་ཅན་བོད་ཀྱི་གཟི་བརྗིད་དང༌།
    བོད་རིགས་གཞོན་ནུའི་སྙིང་སྟོབས་ཡིན།
    ཡིན་ཡང༌། དུས་ད་ལྟ།
    ཁྱེད་རང་ཨ་ཕས་ངག་ནས་བརྡོལ་བའི་དབྱངས་རྟའི་བར་ནས་འབོར་བཞིན་ཡོད་ལ།
    ཨ་མས་ཕྱག་ཟུང་ལ་བརྒྱུས་པའི་ཕྲེང་ཐག་བར་ནས་འདོར་བཞིན་ཡོད།
    ད་དུང༌།
    འདི་ག་རུ་སྔོན་སྐྱོད་བྱེད་པའི་གཞོན་ཚོགས་སྐོར་ཞིག་གིས
    སྨྲ་བརྗོད་ཀྱི་ཁ་ལྕེ་བར་ནའང་འབོར་བཞིན་ཡོད།
    ཕ་སྐད་ལགས།
    དུས་རབས་ཉེར་གཅིག་གི་རླུང་ཁ་ན་རྒྱུ་བའི་འཁྱམས་པོ་དག་གིས།
    ཁྱེད་ཀྱི་འོད་སྟོང་འབར་བའི་བཀྲག་མདངས་དེ་སྒྲིབ་སོང་ལ།
    ཁྱེད་ཀྱིས་སྒེག་པའི་ཉམས་དང་ལང་ཚོའི་གཟུགས།        
    མཛེས་ཤིང་འཕྱོར་བའི་རང་མདངས་དཀར་པོ་དེའང་མངོན་གྱིན་མི་འདུག
    དེ་བཞིན། 
    རྐང་འཐུང་ལ་རྩ་བ་མེད་ན་མཛེས་སྡུག་གི་ཡལ་ག་ཡོད་མི་སྲིད་པ་ཇི་བཞིན།
    ཕ་སྐད་ལ་བྱང་ཆ་མེད་ན་ཚེ་སྲོག་གི་བཞུར་རྒྱུན་རིང་མི་སྲིད་པས།
    གླེན་ཞིང་བླུན་པོའི་ཁ་སང་གི་ང་ཚོས།
    ཁྱེད་ཀྱི་རིན་ཐང་མ་གཏོགས་ལ།
    ལམ་ལམ་དུ་འཚེར་བའི་རིག་པའི་སྒྲོན་མེ་དེ།
    དེ་བས་ཀྱང་མ་མཐོང༌།
    དེ་རིང་གི་འཚོལ་སྙེགས་ཀྱི་རེ་བའི་ཁྲོད་དུ།
    ང་ཚོས་གཞི་ནས་ཁྱེད་ཀྱི་རིན་ཐང་ཚོར་བྱུང༌།
 
    ཕ་སྐད།
    ཚེ་སྲོག་གི་རྨུ་ཐག་དམ་པོ།
    ཁྱེད་ཡོད་པས།
    ང་ཚོ་ལ་ཤེས་རིག་གི་དྲོད་ཁོལ་འཛོམས་ལ།
    འཕེལ་རྒྱས་ཀྱི་རྒྱགས་ཕྱེ་མོད།
    ཁྱེད་ཡོད་པས།
    ང་ཚོ་སྤྲང་ཕྲུག་བཞིན་ཕྱོགས་ངེས་མེད་དུ་འཁྱམས་དོན་མེད་ལ།
    ལ་ཁའི་དར་ལྕོག་བཞིན་གཡུགས་དོན་མེད།
    ཁྱེད་མེད་ན།
    མི་རིགས་ཤིག་གི་བླ་སྲོག་ཇི་ལྟར་འཛིན།
    དུས་རབས་གསར་བར་འཕེལ་རྒྱས་སུ་ཇི་ལྟར་འགྲོ
    སྔོན་བྱུང་མཁས་པའི་མཛད་རྗེས་ཇི་ལྟར་སྐྱོང༌།
    དེ་བས།
    ཤེས་རིག་གི་འདབ་བརྒྱ་གྲོལ་བའི་སློབ་དཔོན་ཚོ།
    བློ་རིག་གི་གཤོག་རྩལ་རྒྱས་པའི་སློབ་བུ་ཚོ།
    ངེས་མེད་ཀྱི་བྱ་གཞག་སྐྱོང་བའི་གསར་བུ་ཚོ།
    ཨ་མྱེས་ཀྱི་ངག་ནས་མཆེད་པའི་གནའ་གཏམ་རེ་རེ་ཕ་སྐད་ཨེ་རེད།
    ཨ་ཕའི་སེམས་ནས་བརྡོལ་བའི་བསླབ་བྱ་རེ་རེ་ཕ་སྐད་ཨེ་རེད།
    ཨ་མའི་གདངས་ལས་མཆེད་པའི་དབྱངས་རྟ་རེ་རེ་ཕ་སྐད་དང་ཨེ་འབྲེལ།
    མིང་སྲིང་ཚོའི་དགོད་སྒྲ་ལས་ཤོར་བའི་རྩེད་མཚར་རེ་རེ་ཕ་སྐད་དང་ཨེ་འབྲེལ།
    གལ་སྲིད་འབྲེལ་ན་ནི།
    ཕ་སྐད་ལ་གཅེས་སྐྱོང་དང་རྒྱུད་འཛིན་བྱོས་དང༌།
    མི་རིགས་འདིའི་བླ་སྲོག་ཡིན།