ཁེར་རྐྱང་གི་སེམས་གཞས།

རྩོམ་པ་པོ།:སངས་རྒྱས་ཚེ་རིང་། 2011-05-08
མཚོ་སྔོན་པོ་དྲ་བ།

སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། དམའ་འབྲིང་།
རུས་མིང་།  སངས་རྒྱས་ཚེ་རིང་།
འཛིན་གྲྭ། དམའ་འབྲིང་གསུམ་པའི་འཛིན་གྲྭ་གཉིས་པ། 

 

ཁེར་རྐྱང་གི་སེམས་གཞས།

                སངས་རྒྱས་ཚེ་རིང༌།

    སྤྲེའུ་དང་སྲིན་མོའི་ཟུངས་ཁྲག་
    ཡར་ཀླུང་གཙང་བོའི་རླབས་རྒྱུན་དང་འདྲེས་པ་ནས་བཟུང
    ཁྱེད་རང་གོ་ལའི་གྲུ་ཟུར་ཞིག་ནས
    སྐྱ་རེངས་ཀྱི་འོད་མདངས་དང་ལྷན་དུ་འཚར་ལོངས་བྱུང
    གངས་རི་དང་རྫ་རི་ཕ་གཞིས་སུ་བསྟེན་ཏེ
    མངའ་མཛད་ཀྱི་རྟོགས་བརྗོད་ཉི་ཟླ་ལ་བྲིས་པའི་ལོ་ངོ་མང་པོ
    འབྲོང་གཡག་གི་རྭ་རྩེ་ནས་བསྐྱལ་ཅིང
    རྒྱ་སྟག་གི་མཆེ་བར་ནས་འདས་པས
    ཁྱེད་ལ་གདོང་དམར་རུ་བརྗོད་ཅིང་སྲིན་པོའང་འབོད
 
    བཅུ་གཉིས་ཀྱི་གཉའ་བར་བཏེགས་པའི་མི་རྒོད་ཅིག
    རིམ་བདུན་གྱི་གནམ་སྐས་ལས་བསུས་ཏེ
    བླ་སྒང་ལ་གཏམ་རྒྱུད་ཀྱི་མེ་ལྕེ་བསྒྲོན་པས
    འཇིག་རྟེན་གྱི་ཡང་རྩེར་སྙེག་པའི་གོམ་འགྲོས་ལ་ཐོག་མའི་དབུ་འཁྱུད་བྲིས
    རྟའི་གོང་ན་དཔའ་སྤོབས་ཀྱིས་འགྱིང་བའི་སྟག་ཤར་ཚོས
    སུམ་གཉིས་ཀྱི་དཀྱིལ་འཁོར་བཟུང་ཞིང
    རྒྱ་དཀར་ནག་གི་ཆོས་ཁྲིམས་མཐའ་འཁོབ་དུ་བསུས་དུས
    པོ་ཏ་ལའི་རྒྱ་ཕིབས་ལ་གསེར་འོད་འཕྲོས་ཤིང
    ལོ་རྒྱུས་སུ་དཀྱོགས་མཚམས་སུ་རྡོ་རིང་བསླངས
    ཡིན་ཡང༌།
    ཐལ་རླུང་གི་ས་རྡུལ་ཞིག་གིས
    གསར་རྙིང་དུ་དབྱེ་བའི་མིག་ཟུང་དེ་ལྡོངས་སུ་བཅུག་པས
    མུན་ནག་གི་འཇིག་རྟེན་ཞིག་ལས
    རང་དབང་ལ་གདམ་ག་མེད་པར་གྱུར།