ཕ་ཡུལ་ལ་བཅངས་བའི་བརྩེ་སེམས།

རྩོམ་པ་པོ།:རྡོ་རྗེ་བཟང་མོ། 2011-05-08
མཚོ་སྔོན་པོ་དྲ་བ།

སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། སློབ་ཆུང་།
རུས་མིང་།  རྡོ་རྗེ་བཟང་མོ།
འཛིན་གྲྭ། ལོ་རིམ་དྲུག་པའི་འཛིན་གྲྭ


ཕ་ཡུལ་ལ་བཅངས་བའི་བརྩེ་སེམས།

                  རྡོ་རྗེ་བཟང་མོ། 
          
  བརྗིད་ཆགས་གངས་རི་ར་བའི་བསྐོར་ཞིང༌།  ཚང་ཚིང་གཡུ་ལོ་ཐགས་སུ་ཕྲ་བ། རྟ་ནོར་ལུག་གསུམ་རྩྭ་ཐང་གི་ཁྱོན་ན་བག་གཡེང་ངང་གནས་པའི་བདག་གི་སྐྱེས་ཡུལ་དྲོན་མོ་ཕ་ས་ཕ་ཡུལ།  གནས་དེ་ན།  ང་ཡི་བྱིས་དུས་ཀྱི་སྤྲོ་སྐྱིད་ལྡན་པའི་དོན་དག་གང་མང་ཞིག་དང༌།ལྷག་བསམ་དུང་ལས་དཀར་བའི་སྤུན་ཟླ། ཨ་མའི་བཞོ་དབྱངས་སྙན་མོ་བཅས་ཡོད། གནའ་མི་བོད་ཀྱི་ཁ་དཔེར་གཞན་ཡུལ་གསེར་ཁང་ཡིན་རུང་སྡུག  རང་ཡུལ་གད་པ་ཡིན་ཀྱང་སྐྱིད་ཞེས་པ་ལྟར། ཕ་ཡུལ་ནི་རང་ཉིད་ལྟེ་ཁྲག་འཕོ་བའི་གནས་ཡུལ་དང་འཚར་ལོངས་འབྱུང་སའི་ཁྱིམ་གཞི་ཡིན་པས། ཁོ་མོ་དེ་ལ་དུང་ཞིང་དེ་ལ་བརྩེ། 
  བདག་གི་ཕ་ཡུལ་ན་སོ་ཕྲེང་ལྟར་སྒྲིག་པའི་གངས་རི་འཚར་དུ་དངར་བ་ཡོད་ལ།  དེའི་ཐོག་བྱ་རྒྱལ་རྒོད་པོའི་གཤོག་འགྱུར་མངོན་པ་ཡོད།  ནགས་ཀླུང་སྔོན་མོ་ཚང་ཚིང་བཀྲ་ཞིང་བྱ་དང་བྱེའུས་སྙན་པའི་གྲེ་འགྱུར་གྱི་གླུ་དབྱངས་ལེན་བཞིན་བར་སྣང་བཀང་བར་བྱས།  ཡན་ལག་བརྒྱད་ལྡན་གྱི་དྭངས་གསལ་ཆུ་ཕྲན་ལྷུང་ལྷུང་དུ་འབབ་ཅིང༌། ཡངས་ཤིང་ཆེ་བའི་རྩྭ་ཐང་དང་ཁོད་སྙོམས་པའི་ས་ཞིང་ཧྲིལ་བོར་རྩམ་དྲི་དང་མར་དྲི་ཕྱོགས་བཞིར་ཁྱབ་ཡོད། 
  ཕ་ཡུལ་ན་གཡང་དཀར་ལུག་གིས་འབའ་སྒྲ་དང་ཅང་ཤེས་རྟ་ཕོའི་འཚེར་སྒྲ།  ནོར་གནག་གི་ངུར་སྒྲ།   དྭངས་གཙང་སྔོན་མོའི་བཞུར་སྒྲ་སོགས་གཞི་གཅིག་ཏུ་སྒྲོག་པའི་ཚེ།  ཡིད་ཀྱི་ཀུན་སློང་ལ་བཅོས་མིན་གྱི་དགའ་བདེ་སྩོལ།   རི་ཞོད་ཀྱི་འབྲུ་དྲུག་གིས་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བཞིན་པ་དེས་ཡུལ་ལྗོངས་ཀུན་ལ་སྔར་མེད་ཀྱི་གསོན་ཤུགས་ཤིག་་དང་བརྩེ་བའི་སེམས་པ་དྭངས་མོ་ཞིག་འགོག་མེད་དུ་ཡིད་ལ་ཤར།