ཕ་ཡུལ་གྱི་རྩྭ་ཐང་ལ་བསྔགས་པ།

རྩོམ་པ་པོ།:འཇམ་དབྱངས་དོན་གྲུབ། 2011-05-08
མཚོ་སྔོན་པོ་དྲ་བ།

སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། སློབ་ཆུང་།
རུས་མིང་། འཇམ་དབྱངས་དོན་གྲུབ།
འཛིན་གྲྭ། ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པ།


ཕ་ཡུལ་གྱི་རྩྭ་ཐང་ལ་བསྔགས་པ། 

                 འཇམ་དབྱངས་དོན་འགྲུབ།   

       གངས་དཀར་པོ་ཤེལ་གྱི་མཆོད་རྟེན་གྱི་འདབས་ན། །
       ཁྱོན་མུ་མཐའ་མེད་པའི་སྤང་ལྗོངས་ཀྱི་ཁུགས་ན། །
       ཆུ་དྭངས་མོ་རྫ་ཆུ་ཤག་ཤག་ཏུ་བཞུར་ལ། །
       སྤང་སྔོ་ལྗང་གཡུ་ཡི་ནེའུ་གསིང་གི་ཁྲོད་ན། །
       ཁྲ་ལམ་ལམ་བྱེད་པའི་མེ་ཏོག་གི་ཚོམ་བུ། །
       སྤང་སྔོན་མོས་རྒྱན་སོང་ཕ་ཡུལ་གྱི་རྩྭ་ཐང་། །
       ཨ་ལ་ལ་ཕ་ཡུལ་རྐང་ཚ་ཡི་རྩྭ་ཐང་། །
       ངེད་འབྲོག་པ་རྣམས་ཀྱི་སེམས་ཁོངས་ཀྱི་གཡང་ས། །
       རྟ་ནོར་ལུག་འཚོ་སའི་ཕ་ཡུལ་གྱི་རྩྭ་ཐང་། །
       སྦྲ་མཐིང་མུག་ཕབ་སའི་སྤང་ལྗོངས་ཀྱི་ཕང་བར། །
       ནག་རོག་རོག་སྦྲ་ནག་གྲུ་བཞི་ཡི་གཞིས་ཁྱིམ། །
       རྟ་འདོ་བའི་གོམ་སྒྲ་འདབས་རོལ་ན་འཕྱོ་ཞིང་། །
       འབྲོང་དར་མའི་རྭ་རྩེ་གྲུ་ཁ་ལ་སོན་པའི། །
       ངེད་ཕ་ཡུལ་སྐྱིད་ལ་རྩྭ་ཐང་གི་དྲུང་འདིར། །
       བུ་ང་རང་སྐྱིད་སོང་ཕ་ཡུལ་གྱི་དྲུང་འདིར། །
       སྟག་ཤར་རས་སྐྱ་རྩལ་འགྲན་ས་ཡི་དོ་ར།།
       སྨན་བུ་མོ་བྲོ་གར་འཆམ་ས་ཡི་སྟེགས་བུ།།
       གནམ་སྔོན་མོ་འོག་གི་ལྗང་མདོག་གི་རྩྭ་ཐང་།།
       ས་དོག་མོ་སྟེང་གི་བརྗིད་ཆགས་ཀྱི་ཕ་ཡུལ།།
       ངེད་འབྱོར་ཕྱུག་ལྡན་པའི་ཕ་ཡུལ་གྱི་རྩྭ་ཐང་།།
       བུ་ང་རང་སྐྱེས་སའི་ཕ་ཡུལ་གྱི་ལྗོངས་ལ།།
       ཆོས་བསྟན་པ་དར་བའི་རྟེན་འབྲེལ་གྱི་གཞི་མ།།
       དེར་དགེ་བཅུ་ཚང་སོགས་ཕ་ཡུལ་གྱི་རྩྭ་ཐང་།།
       ཨ་ལ་ལ་ཕ་ཡུལ་རྩྭ་ཐང་འདི་སྐྱིད་སོང་།།