ཨ་མར་སྐུར་བའི་འཕྲིན་ཡིག

རྩོམ་པ་པོ།:ཏིང་འཛིན་འཚོ། 2011-05-20
མཚོ་སྔོན་པོ་དྲ་བ།

རུས་མིང་།   ཏིང་འཛིན་འཚོ།
འཛིན་གྲྭ     སློབ་ཆུང་ལོ་རིམ་དྲུག་པ།
ཕ་ཡུལ།    བླ་བྲང་ཧོར་གཙང་།

ཨ་མར་སྐུར་བའི་འཕྲིན་ཡིག

               བསྒྱུར་རྩོམ།    ཏིང་འཛིན་འཚོ།

དྲིན་ཆེ་བའི་ཨ་མ་ལགས།     ཁྱེད་བདེ་མོ། 
  ཁྱེད་ཀྱིས་དེ་རིང་ནི་ཅི་ཞིག་གི་དུས་ཆེན་ཡིན་པ་ཤེས་སམ།  དེ་རིང་ནི་ལོ་གཅིག་གི་ནང་ཐེངས་གཅིག་མ་གཏོགས་མེད་པའི་མ་ཡུམ་དུས་ཆེན་རེད། ཐོག་མར་ངས་འདི་ནས་ཨ་མ་ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ། དེ་ནས་ངའི་སེམས་སུ་ལོ་གང་མང་ལ་སྦས་སྐུང་བྱས་མྱོང་བའི་སེམས་གཏམ་ཚང་མ་ཁྱེད་ལ་བཤད་ན་འདོད།
  ཨ་མ་ལགས། ཁྱེད་ཀྱི2002ལོའི་ཟླ5བའི་ཚེས14ཉིན་དྲན་ནམ། དེ་ནི་ང་དང་འབྲི་དེབ་མང་པོ་ཞིག་ཁ་བྲལ་བའི་ཉི་མ་དེ་ཡིན།  དེ་དུས་ངས་ལོ་རིམ་དང་པོ་འདོན་བཞིན་ཡོད་ལ་ང་ལ་གོམས་གཤིས་ངན་པ་ཞིག་ཆགས་ཡོད། འབྲི་དེབ་གཅིག་གི་སྟེང་ལ་ཡིག་འབྲུ་འགའ་མ་གཏོགས་མི་འབྲི། བལྟས་ན་མི་མཛེས་པ་ཞིག་རེད་བསམ་ནས། ཁ་རོག་གེར་ཡང་འབྲི་དེབ་གཞན་པ་ཞིག་གི་སྟེང་དུ་བྲིས་པ་ཡིན།  གཟའ་ཟླ་བའི་མཚན་མོ་དེ་ལ། ཁྱེད་ཀྱིས་ང་ལ་བཞག་པའི་ཁྱིམ་ཚང་ལས་བྱ་ལ་ལྟ་སྐབས་ཤོག་གྲངས་གཅིག་གི་སྟེང་མ་གཏོགས་བྲིས་མེད་པས་ཨ་མ་ཁྱོད་ཡ་མཚར་བའི་ངང་ནས་ང་ལ་དྲིས། སློབ་སྐབས་ཕྱེད་ཀ་འགོར་སོང་། ཁྱེད་ཀྱིས་ད་རུང་ཤོག་གྲངས་གཅིག་མ་གཏོགས་བྲིས་མེད་པ་འདི་ཅི་ཡིན་ནམ། སྔོན་ཆད་ཀྱི་ལས་བྱ་གང་ལ་བྲིས་སོང་། དོ་དགུང་ངེས་པར་དུ་ང་ལ་གསལ་བཤད་བྱེད་དགོས། ཞེས་ང་ལ་སྡིག་དམོད་བྱས་སོང་།
  སྤྱིར་ཡིན་ན་ངས་ཁ་གཡར་ས་ཞིག་བཙལ་འདོད་ཡོད་མོད། ཁྱེད་ཀྱི་ཚིག་ཐག་གཅོད་པའི་ཁ་ནས་ངས་དེ་ལྟར་བཤད་མ་ཕོད། དེའི་རྐྱེན་གྱིས་ངས་ཡོད་ཚད་དྲང་མོར་བཤད་པ་ཡིན། ཁྱེད་ཀྱིས་ཉན་རྗེས་ཁོང་ཁྲོ་ལངས་ནས་གདོང་དམར་པོར་གྱུར་ཏེ། སྔོན་ཆད་བྱིན་ཡོད་པའི་འབྲི་དེབ་ཚང་མ་ཕྱིར་ཁྱེར་སོང་། ཁྱེད་ཁོང་ཁྲོ་ལངས་ནས་བཤད་རྒྱུར་དེ་རིང་ནས་བཟུང་འབྲི་དེབ་གཅིག་གི་སྟེང་ལ་ནན་ཏན་གྱིས་བྲིས་ཚར་ཏེ་ང་ལ་བསྟན་རྗེས། ད་གཟོད་འབྲི་དེབ་གསར་བ་སྟེར། དེ་མ་གཏོགས…………ཉི་མ་དེའི་ཕྱི་ཉིན་ནས་བཟུང་ངས་ཡི་གེ་ནན་ཏན་གྱི་སྒོ་ནས་བྲིས་པ་ཡིན།  ཤོག་ཕྲེང་གཅིག་ཀྱང་འཕྲོ་བརླག་ཏུ་བཏང་མ་མྱོང་བས། ཁྱེད་ཀྱི་བལྟས་རྗེས་ཧ་ཅང་ཡིད་ཚིམ་གྱི་ཡོད། འོན་ཀྱང་ཁྱེད་ཀྱིས་འབྲི་དེབ་སྟེར་རྒྱུའི་དོན་དག་དེའི་སྐོར་མི་གླེང་བས་ང་ཁ་རོག་གེར་བྲེལ་འཚུབ་སྐྱེས།  
  ཨ་མ་ལགས། ད་ལོ་ང་ལོ་བཅུ་རེད། ངས་བསམ་ཤེས་ཡོད། ཁྱེད་ཀྱིས་ང་ལ་ཡིད་ཆེས་བྱོས་དང་། འབྲི་དེབ་དེ་ཚོ་ང་ལ་བྱིན་དང་ང་རང་གིས་བདག་ཉར་བྱས་ཆོག  ཨེ་ཆོག་གི་ཨ་མ་ལགས། མཇུག་མཐར་ཨ་མ་ཁྱེད་དུས་ནམ་ཡང་དགའ་བདེ་དཔལ་ལ་རོལ་བ་དང་།  བྱ་བ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ། 

2011.5.19.ཉིན་སློབ་ཁང་དུ་བསྒྱུར།