ཕ་སྐད་གཙང་མ་རང་གི་བླ་སྲོག་ཡིན།

རྩོམ་པ་པོ།:སངས་རྒྱས་སྒྲོལ་མ། 2011-06-22
མཚོ་སྔོན་པོ་དྲ་བ།

                          

                                         རུས་མིང་། སངས་རྒྱས་སྒྲོལ་མ།
                                         སློབ་རིམ། ལོ་རིམ་ལྔ་བའི་འཛིན་གྲྭ་དང་པོ།
                                         དགའ་ཕྱོགས། རྩོམ་རིག་དགའ་ཕྱོགས་འཛིན་གྲྭ

ཕ་སྐད་གཙང་མ་རང་གི་བླ་སྲོག་ཡིན།

                                                                                                                                          སངས་རྒྱས་སྒྲོལ་མ།

        ང་ཚོ་གངས་དཀར་རི་བོས་ཡོངས་སུ་བསྐོར་བའི་ཁ་བ་ཅན་གྱི་ཡུལ་གྲྭ་འདི་རུ་གནས་བཅས་པའི་བོད་མི་ཞིག་ཡིན་ན།རང་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་བའི་བོད་ཡིག་ཤེས་དགོས་པ་སྨྲ་མི་དགོས་པ་ཞིག་རེད།  གནས་ལུགས་དེ་ལོ་གསུམ་བྱིས་པ་མིན་ཕྱིན་སུས་ཀྱང་ཤེས་ངེས།  ཡིན་ནའང༌།  བོད་མི་ལ་ལ་ཞིག་གིས་བོད་རང་གི་ཕ་སྐད་བརྗེད་ནས་མི་རིགས་གཞན་གྱི་སྐད་དང་བོད་སྐད་གཉིས་བསྲེས་ནས་བཤད་བཞིན་ཡོད་པ་རེད།  དེར་མ་ཟད། མི་རིགས་གཞན་གྱི་ལྭ་བ་གྱོན་ན་ང་རྒྱལ་ཞིག་དང་རང་མི་རིགས་ཀྱི་ལྭ་བ་གྱོན་ན་ངོ་ཚ་ཞིག་ཏུ་བསམ་གྱིན་ཡོད་པ་རེད།
ཉིན་ཞིག་ལ།  ང་དང་རྒྱུག་ན་ཁ་དཀར་རྐྱང་གི་བང་མྱུར་ལྡན་པ་དང༌།  འཐབ་ན་རྒྱ་སྟག་དམར་མོའི་ངར་ཤུགས་ལྡན་པའི་གྲོགས་མོ་པདྨ་བདེ་སྐྱིད་གཉིས་ལྔ་རིག་ཤེས་བྱའི་ལང་ཚོ་དར་བའི་སློབ་རའི་པདྨའི་ཚལ་དུ་སོང་བ་ན།  གློ་བུར་དུ།  ངའི་མིག་ལམ་དུ་ཤར་འོང་བ་ནི་ངའི་མཛའ་གཅུག་གསེར་གྱི་ཐག་པ་དམ་པོར་སྦྲེལ་བའི་གྲོགས་མོ་རྣམས་ཀྱིས་འཆོར་སྒེག་དང་དོད་མཛེས་པའི་བོད་ལྭ་གྱོན་ནས་ཞབས་བྲོ་འཁྲབ་ཀྱིན་ཡོད་པ་རེད།  སྐབས་དེར།  ངའི་སེམས་ནས་མ་གཞི་རང་མི་རིགས་ཀྱི་ལྭ་བ་ནི་འདི་འདྲ་ཡིད་དུ་འོང་ཞིང་བློ་རུ་འབབ་པ་ཞིག་རེད་ཨང་སྙམ་པའི་ཚོར་བ་ཞིག་དབང་ མེད་སྐྱེས་བྱུང་ལ།  རྗེས་མར་རང་གིས་ཀྱང་བོད་ལྭ་གྲལ་དག་ཅིག་གྱོན་ནས་བོད་བྲོ་མཉེན་མོ་ཞིག་འཁྲབ་ན་ཅི་མ་རུང་སྙམ་པའི་དྲན་སྣང་ཡང་འཁོར་བྱུང༌།
        ཡིན་ནའང༌། ངའི་སློབ་སྦྱོང་དང་འཚོ་བའི་ཁྲོད་ཀྱི་དོན་དག་ཐམས་ཅད་དེ་འདྲ་བློ་ལ་འབབ་པ་དང་སེམས་ལ་རུང་བ་དག་དག་ག་ལ་ཡིན་ཏེ། དེའི་རྗེས་ཀྱི་ཉིན་ཞིག་ལ།  ང་ཚོ་འཛིན་གྲྭའི་སློབ་གྲོགས་ཆོས་དབྱངས་ཀྱིས་ལུས་ལ་བོད་ལྭ་གྱོན་ཞིང་ངག་ནས་བོད་སྐད་བཤད་པའི་སློབ་མ་ཞིག་ལ་རྒྱ་སྐད་ཀྱིས་ཁ་བརྡ་བྱེད་ཀྱིན་པ་མཐོང༌། ངས་ཞིབ་ཏུ་ཉན་དུས། ཁོས་རྒྱ་སྐད་ཀྱིས་ཚམ་ཚོམ་མེད་པར།  ང་རང་བོད་མི་ཞིག་བྱེད་མི་འདོད།  བོད་མི་ནི་ནམ་ཡང་ཀླ་ཀློ་རེད། རྗེས་ལུས་རེད་ཅེས་བཤད་ཀྱིན་འདུག  སྐད་ཆ་དེ་ཐོས་མ་ཐག  ང་དང་བཅས་པའི་ཉེ་འགྲམ་གྱི་སློབ་གྲོགས་ཐམས་ཅད་ཁོང་ཁྲོ་ལངས་པ་མ་ཟད།  སློབ་གྲོགས་ཟླ་བས་ཁོའི་མགྲིན་པ་ནས་བཙུར་བཞིན། ཁྱོད་ཀྱིས་གླེན་བཤད་དེ་འདྲ་མ་རྒྱག   ཁྱོད་བོད་མི་ཞིག་རེད།  ཁྱོད་ཀྱིས་བོད་མི་མི་བྱེད་ཟེར་བ་ཙམ་གྱིས་བོད་མིན་པ་ཨེ་རེད།  ཁྱོད་རང་བོད་ལ་མི་དགའ་བ་དེ་ནི་ད་གཟོད་ངོ་ཚ་ཞིག་ཡིན་པ་ལས་མ་གཞི་ནས་བོད་ཡིན་པ་དེ་ངོ་ཚ་ཞིག་མ་རེད་ཅེས་བཤད་བྱུང༌།
        རེད་ཡ།  སློབ་གྲོགས་ཚོ། ང་ཚོས་རང་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་རིང་ལ་བརྒྱུད་ཡོང་བའི་སྐད་ཡིག་དང་གོམས་གཤིས། ཤེས་རིག་དག་ལ་དགའ་ཞེན་དང་སློབ་སྦྱོང༌།  དར་སྤེལ་གཏོང་དགོས།   དེ་ནི་ང་ཚོ་མི་རབས་འདིའི་ཕྲག་ཏུ་ལྗིད་ཏིག་གེར་བབས་པའི་འོས་འགན་ཡིན་ལ། འོས་འགན་དེ་ནི་རི་བོ་ཇོ་མོ་གླང་མ་ལས་ཀྱང་ལྗིད་མོད།  ང་ཚོས་ཅིས་ཀྱང་དང་ལེན་མི་བྱེད་ཐུ་མེད་ཡིན་པ་ཤེས་པར་གྱིས།