རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།

རྩོམ་པ་པོ།:ཀུན་མཚོ་སྐྱིད། 2011-06-22
མཚོ་སྔོན་པོ་དྲ་བ།

                    

                              རུས་མིང་། ཀུན་མཚོ་སྐྱིད།
                              སློབ་རིམ། ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པ།
                              དགའ་ཕྱོགས། རྩོམ་རིག་དགའ་ཕྱོགས་འཛིན་གྲྭ

རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།

                                                                                                                                                      ཀུན་མཚོ་སྐྱིད།

       

        མི་རིགས་གང་དང་གང་ཞིག་ལའང་རང་ཉིད་ཀྱི་དང་གཞན་མི་རིགས་ཤིག་གི་དབྱེ་བ་འབྱེད་བྱེད་ཀྱི་ཡི་གེ་རེ་ཡོད་ལ།  ཡི་གེ་དེ་ནི་མི་རིགས་གང་དེའི་བླ་སྲོག་ཀྱང་ཡིན་ནོ། །
        ང་ཚོ་བོད་མི་རིགས་ལ་མཚོན་ན།  བོད་སྐད་དང་བོད་ཡིག་ནི་གསེར་ལས་ཀྱང་རིན་ཐང་ཆེ་བའི་མི་རིགས་ཀྱི་བླ་སྲོག་ཡིན་པ་རེད།  དེ་བས། ང་ཚོས་བལྟས་བལྟས་རིག་རིག་ལ་རང་མི་རིགས་འདིའི་སྐད་ཡིག་ཉམས་རྒུད་དུ་འགྱུར་དུ་འཇུག་མི་རུང་ལ།  ང་ཚོ་རང་ཉིད་ལ་སྨུག་པོ་གདོང་དམར་བོད་ཅེས་མི་རིགས་ཤིག་ཡོད་བཞིན་དུ་མི་རིགས་གཞན་འགྱུར་གྱི་ལས་ལ་གཞོལ་དོན་དེ་བས་ཀྱང་མེད།  ང་ཚོས་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་ཡོད་རྒུས་རང་མི་རིགས་ཀྱི་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་ལས་དོན་རླབས་པོ་ཆེ་འདིར་ཕྲག་ལ་ལེན་དགོས།  འདི་ནི་ང་ཚོའི་འོས་འགན་ཡིན་ལ་བོད་མི་ཁྲི་ཕྲག་མང་པོའི་སེམས་ཀྱི་རེ་བ་ཉག་ཅིག་ཀྱང་ཡིན།
        ན་ནིང་གི་ལོ་སར་སྐབས་སུ་ང་ཚོ་སྡེ་བའི་ནང་དུ་སྟོན་མོ་ཞིག་ཡོད། སྟོན་མོ་དེའི་སྟེང་དུ་སྔོན་ཆད་ནས་བཟུང་རྒྱ་སྐད་རྒྱ་ཡིག་སྦྱང་ནས་ཡོང་བའི་སློབ་གྲྭ་ཆེན་མོ་བ་ཞིག་ཀྱང་ཡོང་ཡོད།  སྐབས་ཤིག་ལ། ཡུལ་མི་ཚང་མས་དགའ་བའི་གླུ་ལེན་པ་དང་སྐྱིད་པའི་བྲོ་འཁྲབ་པའི་དུས་སུ། སློབ་ཆེན་སློབ་མ་དེ་ཡང་ཡོང་ནས་རྒྱ་སྐད་ཀྱིས་གླུ་ཞིག་བླངས་པ་ན།  ཡུལ་མི་སྤུན་ཟླ་རྣམས་ཀྱིས་ཁོ་ལ་བོད་གླུ་ཞིག་ལེན་པའི་རེ་བ་ཞུས།  ཡིན་ནའང༌། སློབ་ཆེན་སློབ་མ་དེས་བོད་གླུ་ལེན་མི་ཤེས་པས་དེ་མ་ཐག་ངོ་གདོང་དམར་བོར་གྱུར་ནས་མགོ་བོ་སྒུར་སོང༌།  
        སྐབས་འདིར། ངའི་སེམས་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས། ཁྱེད་ཚོ་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག་ལ། ཁྱེད་ཀྱིས་བོད་ལྭ་གྱོན་པར་ངོ་ཚ་ན་མ་གྱོན་ནའང་ཆོག་མོད།  འོན་ཀྱང༌། ཁྱོད་ཀྱིས་ཤ་དང་རུས་པ་ཅི་བྱེད་རྒྱུ་ཞེས་གསུང་བ་དྲན་བྱུང༌།  བདེན་དེ། ན་མཉམ་གྱི་སློབ་ཕྲུག་ཚོ། གོང་གི་བོད་གླུ་ལེན་མི་ཤེས་པ་དེ་ནི་བོད་མི་སྤྱིར་བཏང་བ་ཞིག་གིས་བཤད་པ་མ་ཡིན་པར། ང་ཚོ་བོད་མི་ཚང་མས་མིག་གིས་ལྟ་ས་དང་རྣ་བས་ཉན་ས། སེམས་ཀྱིས་རེ་ས་སྟེ་སློབ་ཆེན་སློབ་མ་ཞིག་རེད།  གལ་ཏེ།   རིག་གནས་ཤེས་བྱ་ཀུན་ལ་མཁྱེན་རྒྱ་ཡངས་པའི་སློབ་ཆེན་སློབ་མ་ཞིག་གིས་ཀྱང་བོད་ཡིག་མི་བཀོལ་ཞིང་བོད་སྐད་མི་བཤད་ལ།  བོད་ལྭ་མི་གྱོན་ཞིང་བོད་གླུ་མི་ལེན་ན།  ཀ་ཁའི་མགོ་རྔ་ཙམ་ཡང་མི་ཤེས་པའི་ཕ་ཡུལ་གྱི་ཞིང་བ་དང་ཕྱུགས་རྫི་དག་ལ་ཅི་ཁག 
        ཀྭ་ཡེ།  སྤུན་ཟླ་ཚོ།  ང་ཚོས་དུས་ད་ནས་བཟུང་འགོ་བརྩམས་ཏེ་སྐད་ཡིག་དང་རིག་གནས།  གོམས་གཤིས་དག་རྒྱུན་འཛིན་ལག་ལེན་བྱེད་རྒྱུ་བརྗེད་མི་རུང་བ་ཤེས་པར་གྱིས།