ངེས་པ་དོན་གྱི་ངོ་ཚ།

རྩོམ་པ་པོ།:བཙུན་ཐར་འབུམ། 2011-06-22
མཚོ་སྔོན་པོ་དྲ་བ།

                     
                                      རུས་མིང་། བཙུན་ཐར་འབུམ། 
                                      སློབ་རིམ། ལོ་རིམ་ལྔ་བའི་འཛིན་གྲྭ་གསུམ་པ།
                                      དགའ་ཕྱོགས། རྩོམ་རིག་དགའ་ཕྱོགས་འཛིན་གྲྭ

ངེས་པ་དོན་གྱི་ངོ་ཚ།

                                                                                                                                     བཙུན་ཐར་འབུམ། 
 
        ང་རང་འཇིག་རྟེན་འདིའི་སྟེང་ནས་ཆེས་དགའ་བ་དང་ཆེས་དུང་བ་ནི་རང་གི་ཕ་སྐད་ཡིན་པས།  ང་ལ་མི་ལ་ལས་བོད་ཡིག་སྦྱང་ན་བཟང་ཆ་མེད་པ་དང་མདུན་ལམ་དཀོན་པའི་སྐད་ཆ་དག་ནི་ཁུངས་མེད་ལུང་གཏམ་ཡིན་པའི་ངེས་ཤེས་ཟབ་མོ་ཡོད།
        ངས་བལྟས་ན།  བོད་ཡིག་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན་པ་དང༌། བོད་ཡིག་ནི་བོད་མི་རིགས་ཀྱི་ལ་རྒྱ་ཡང་ཡིན་པས།  རང་ཉིད་གདོང་དམར་བོད་པའི་བརྒྱུད་འཛིན་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་བོད་ཡིག་སློབ་དགོས་བསམ། རྒྱུ་མཚན་ནི་ཅི་ཡིན་ཞེ་ན། སྔོན་བྱོན་མཁས་དབང་དམ་པ་དག་གིས་མི་རིགས་ཤིག་ལ་སྐད་དང་ཡི་གེ་མེད་ཚེ། མི་རིགས་དེ་ཡུན་རིང་བོར་གནས་ཐབས་མེད་པ་གསལ་བོར་བསྟན་ཡོད་པ་དང༌། མི་རིགས་ཤིག་འཛམ་གླིང་གི་ཡང་རྩེར་སྙེག་དགོས་ན་ཅིས་ཀྱང་སྐད་དང་ཡི་གེར་བརྟེན་དགོས་པས་སོ། །
        ཐེངས་ཤིག་ལ། ང་ཚོ་སྡེ་བའི་ཚོགས་འདུ་ཞིག་གི་སྟེང་དུ་སྡེ་དཔོན་གྱིས་རྒྱ་ལྭ་ཆ་ཚང་ཞིག་གྱོན་ནས་ཡོང་ཡོད་པས། སྡེ་མི་རྣམས་ཀྱིས་ཁྱོད་ཀྱིས་ཅིའི་ཕྱིར་བོད་ལྭ་མ་གྱོན་པ་ཡིན་ནམ་ཞེས་དྲིས་པ་ན། ཁོས་ལན་དུ།  ང་རང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་པས་བོད་ལྭ་གྱོན་ནས་ཚོགས་འདུར་ཡོང་རྒྱུར་ངོ་ཚ་བ་ཡིན་ཞེས་བཤད་བྱུང༌།  ཡང་སྡེ་མི་ཞིག་གིས་འོ་ན་སྔོན་ཆད་ཁྱོད་རང་བོད་ལྭ་གྱོན་པར་ངོ་མི་ཚ་དོན་ཅི་ཡིན་ནམ་ཞེས་དྲིས་པ་ན། ཁོས་ཚམ་ཚོམ་མེད་པར།  དེ་དུས་ང་ལ་ཡོན་ཏན་མེད་པས་བོད་ལྭ་གྱོན་རྒྱུ་དེ་ངོ་ཚ་ཞིག་ཡིན་པ་དེ་མ་ཤེས་པ་རེད་ཟེར།
        སྐད་ཆ་དེ་གོ་རྗེས།  ངའི་སེམས་ལ་བསམ་ཚུལ་ཡན་གར་བ་ཞིག་སྐྱེས་པ་ནི།  ཡོན་ཏན་མེད་དུས་བོད་ལྭ་གྱོན་པ་དེ་ནི་ངོ་ཚ་ཞིག་མིན་ལ་ཡོན་ཏན་ཡོད་དུས་བོད་ལྭ་གྱོན་པ་དེ་ཡང་ངོ་ཚ་ཞིག་ག་ལ་ཡིན།  ངེས་པ་དོན་གྱི་ངོ་ཚ་ནི་ངོ་ཚ་མེད་པ་དང་ངོ་ཚ་མི་ཤེས་པ་དེ་ཡིན་པ་མིན་ནམ།