ཚེ་སྲོག་ལ་གཅེས་སྤྲས་བྱེད་པ།

རྩོམ་པ་པོ།:ཡུམ་མཚོ། 2011-06-22
མཚོ་སྔོན་པོ་དྲ་བ།

 ཚེ་སྲོག་ལ་གཅེས་སྤྲས་བྱེད་པ།

                                                                                                        རུས་མིང།   ཡུམ་མཚོ།
                                                                                                        སློབ་རིམ། ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོ།
                                                                                                        དགའ་ཕྱོགས། རྩོམ་རིག་དགའ་ཕྱོགས་འཛིན་གྲྭ།
      

        ནམ་རྒྱུན་མི་རྣམས་ཀྱིས་དུ་བ་དང་ཆང་རག་བག་མེད་དུ་ལོངས་སྤྱོད་བྱས་ནས་རང་གི་རྩ་ཆེ་བའི་ཚེ་སྲོག་ལ་གནོད་པ་གཏོང་བ་མཐོང་ཐེངས་རེ་རེར།  ངས་སེམས་ལ་བཟོད་དཀའ་བའི་ན་ཟུག་ཅིག་སྐྱེས་ཡོང༌།  རྒྱུ་མཚན་ནི། མི་དེ་དག་གིས་རང་གི་ཚེ་སྲོག་དེ་ཧ་ཅང་རིན་ཐང་ལྡན་པ་ཞིག་ཡིན་པ་མ་ཤེས་པ་རེད།  དེའི་ཕྱིར།  ང་ཚོ་ནམ་ཞར་ཡང་མི་དེ་དང་དེ་ལྟ་བུ་ཞིག་མི་བྱེད་པར། རང་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་ཤེས་པའི་མི་ཞིག་བྱེད་དགོས་པ་རེད།
        ཉིན་ཞིག་གི་དགོང་མོར།  ངས་བརྙན་འཕྲིན་ལ་བལྟས་པ་ན།  ཏག་ཏག  བརྙན་འཕྲིན་དུ་ས་ཆ་ག་གེ་མོ་ཞིག་ཏུ་ཛ་དྲག་ཆེ་བའི་ས་འགུལ་ཆེན་མོ་ཞིག་བྱུང་ནས།  སྐྱེ་བོ་གང་མང་གི་ཚེ་སྲོག་ལ་གནོད་པ་ཚབས་ཆེན་ཐེབས་ཀྱིན་འདུག་པ་མཐོང༌། ལྷག་པར་དུ།  ལོ་ན་གཞོན་པའི་ཨ་མ་ཞིག་གིས་རང་གི་གཅེས་ཕྲུག་སྐྱོབ་པའི་ཆེད་དུ་རིན་ཐང་ཆེ་བའི་རང་གི་ཚེ་སྲོག་དེ་གདུག་རྩུབ་ཀྱི་ས་འགུལ་ཁྲོད་ཤོར་བའི་སྣང་ཚུལ་དེ་མཐོང་མ་ཐག  ངའི་སེམས་ནས་རང་བྱུང་ཁམས་ཀྱི་གནོད་འཚེ་ཡི་ཁྲོད་ནས་ང་ཚོ་མིའི་རིགས་ཀྱི་ཚེ་སྲོག་ནི་ཧ་ཅང་ཉམ་ཆུང་བ་ཤེས་སོང༌།
        རེད་ཡ།  ང་ཚོའི་ཚེ་སྲོག་ནི་ཇི་འདྲའི་རིན་ཐང་ཆེ་ན་ཡང༌།  དེ་ལ་བདག་སྐྱོང་དང་གཅེས་སྤྲས་མ་བྱས་ཚེ།  ང་ཚོས་མཛེས་སྡུག་ཡིད་འོང་གི་འཇིག་རྟེན་འདི་ནས་ཆེས་དོན་སྙིང་ལྡན་པའི་བྱ་བ་ཅི་ཡང་སྒྲུབ་མི་ཐུབ་པ་མ་ཟད།  རང་གི་ཚེ་སྲོག་ལ་རིན་ཐང་ལྡན་ཞིང་སྙིང་བོ་ཡོད་པ་ཡང་མཚོན་ཐབས་མེད།