ལང་ཚོའི་འགྱུར་ཁུགས།

རྩོམ་པ་པོ།:རྡོ་རྗེ་དོན་གྲུབ། 2011-07-10
མཚོ་སྔོན་པོ་དྲ་བ།

 

ལང་ཚོའི་འགྱུར་ཁུགས།

                                                     དམའ་འབྲིང་གསུམ་པའི་འཛིན་གྲྭ་དང་བོ།  རྡོ་རྗེ་དོན་གྲུབ།

                                            སྦྲ་ནག་གྲུ་བཞིའི་ཆོན་བརྒྱའི་བར་ནས་ན་ཆུང་བྱིས་པའི་རྩེད་མོར་གཡེང་།།
                                            ཀ་ཁའི་དབྱངས་རྟ་ངག་ལ་འགུགས་པའི་གོ་སྐབས་དབེན་ཞིང་སྐལ་བ་ཕྲ།།
                                            རྡོ་རིལ་སྟར་ཕྲེང་སྒྲིག་པའི་རྩེད་འཇོས་ཉིན་མ་རེ་རེ་བསྐྱལ་མཚམས་ནས།།
                                            རྟ་ནོར་ལུག་གསུམ་རྨིག་རྗེས་འདེད་པའི་མ་བགོས་འགན་ཞིག་ཕྲག་ལ་བབས།།

 

                                            ཅང་ཤེས་འདོ་དྲུག་རྟ་ཕོའི་བང་རྩལ་བདེ་མོའི་སྤང་ནས་ངོམ་དུས་སུ།།
                                            རྩིད་ནག་ཐུལ་དཀར་འབྲི་མོའི་རྭ་རྩེད་ལུང་གསུམ་མདོ་ནས་ཡང་ཡང་མཐོང་།།
                                            གཡང་དཀར་ཚེར་མོ་ལུག་གི་འཚོ་སྐྱོང་དབྱར་གསུམ་མེ་ཏོག་སྤང་ནས་བྱས།།
                                            ཆར་རླུང་རྒོད་པའི་འགག་སྒོ་བརྒལ་བཞིན་འབྲོག་པའི་འཚོ་བ་ངང་གིས་རོལ།།

 

                                            དུས་ཀྱི་ཁོམ་པས་གཉིད་དུ་ཡུར་བའི་རྨི་ལམ་ཐུང་ངུའི་བར་གླགས་སུ།།
                                            གློ་བུར་སད་པའི་སྐད་ཅིག་ཉིད་ལ་མ་འོངས་དམིགས་འདུན་སེམས་ལ་ཉར།།
                                            རླུང་དམར་བཙན་པོའི་འཇབ་རྒོལ་མང་སའི་ཡིད་ཀྱི་ལུང་བ་དམར་བོ་དེར།།
                                            གོམ་འགྲོས་བརྟན་པོས་བགྲང་བྱ་དྲུག་ལ་དཀའ་སྡུག་འཚོ་བའི་ཐམ་ག་བླངས།།

 

                                            ལས་དང་བསོད་ནམས་བཟང་བའི་དྲིན་གྱིས་གཉེན་དང་གྲོགས་པོས་སེམས་ཀྱིས་གཅེས།།
                                            སྔོན་ལས་བཟང་བོའི་དགེ་བའི་མཐུ་ཡིས་སློབ་དཔོན་རྣམ་གསུམ་སྤྱི་བོར་བཀུར།།
                                            སློབ་གསོའི་ཁ་ཕྱོགས་བཟང་བོའི་འབྲས་བུས་མི་ཡི་གཤིས་ཀ་ཅུང་ཙམ་ཆགས།།
                                            དགེ་སྡིག་དབྱེ་བ་འབྱེད་པའི་ལྡེ་མིག་རང་སེམས་ཟྭ་ཡི་ངོ་ལ་བཏགས།།

 

                                            མ་འོངས་ཁ་ཕྱོགས་འཚོལ་བའི་ཆེད་དུ་རང་ས་གསེར་གྱི་ལུང་བ་བསྐྱུར།།
                                            ཕུགས་འདུན་གཙང་མས་རང་ཉིད་བསམ་བཞིན་བདེ་བ་ཆུང་ངུ་ཐང་དུ་གཡུགས།།
                                            རྒྱུས་མེད་རྒྱ་གྲོང་སྐྱ་བོའི་ཁང་བརྩེགས་འཚང་ཁའི་བར་ནས་ཕ་ཡུལ་དྲན།།
                                            རང་སེམས་རང་ལ་གསལ་བའི་གླུ་ཞིག་ཕ་ཡུལ་ཕུ་ནུའི་སྙན་ལ་ཕུལ།།