འགུལ་བཞིན་པའི་གངས་རི།

མཚོ་སྔོན་པོ་དྲ་བ།

 

འགུལ་བཞིན་པའི་གངས་རི།

                                                                 མཐོ་འབྲིང་གཉིས་པའི་འཛིན་གྲྭ་དང་བོ། རྨོག་རིའི་ལྷ་མོ་དོན་གྲུབ།

             རླུང་རྟ་ཡར་འཕུར་ཞིག་གི་གཤོག་སྣེ་ལ་འཇུས་ནས་དུས་རབས་གསར་རྙིང་གཉིས་ཀྱི་བར་མཚམས་སུ་འགྲེང་བའི་རྔམ་བརྗིད་ཀྱི་བྲག་ཐེམ་ལ་བབས་ནས་སྔོན་བྱུང་ཡིག་ཚང་གི་ལོ་རྒྱུས་མེ་ལོང་ལ་བལྟས་ཚེ། རི་ཚོགས་ཀྱི་ལག་རྡང་ཁྲོད་ནས་ཤར་དུ་བཞུར་བའི་དུས་ཚོད་ཀྱི་གཙང་བོ་འཁྱགས་པས་བསྡམས་ཤིང་། རྟ་མཆོག་གི་འཁོར་ལོ་སྐད་ཅིག་ཙམ་ལ་ནུབ་རིའི་རྩེར་ལྷུང་དུས། མཚམས་སྤྲིན་དང་སེམས་པ་ལྷག་ཏུ་དམར་ལ། ངའི་རྟག་བརྟན་གྱི་རྒྱབ་རི་སྨུག་པོ་འགུལ་བཞིན་པའི་སྣང་བ་སྟེར།
             ཁ་སང་དང་དེ་རིང་གི་བར་ནས་ལོ་ཟླ་ཡི་ཕྲེང་ཐག་ཟད་ཅིང་། དེ་རིང་དང་སང་ཉིན་གྱི་བར་ནས་འདས་པ་བོར་ཟིན་ལ་མ་འོངས་འབོར་ངེས་སུ་འདུག་ལ།  ད་ལྟ་འབོར་བཞིན་པའི་སྟོད་ཀྱི་རྫ་ལུང་གི་འབྲོང་གཡག་དར་མ་དང་སྨད་ཀྱི་ན་ལུང་གི་ཁྲུང་ཁྲུང་དཀར་མོ། ཉིན་གྱི་སྤང་ཐང་གི་གཙོད་ཕོ་རྭ་རིང་དག་ཀྱང་ཧམ་སེམས་ཀྱིས་བརླམས་པའི་རྔོན་པ་ཚོ་ཁ་བའི་འདབ་མ་བཞིན་མཐོ་སྒང་གི་བྲང་གཞུང་ན་འཕུར་སྐྱོད་བྱས་ནས། རང་སྐལ་རོགས་ལ་བསྐུར་བཞིན་རྨི་ལམ་རིང་མོ་ཞིག་གི་འཇའ་ཚོན་ལ་སྙེག་ནས་སྦྲ་ལྟེབ་སྟེ། མཛོ་བཞག་ནས། རྟ་སྐྱུར་ནས་ལམ་དུ་ཆས་དགོས་པའི་ལམ་རྒྱགས་སུ་གྱུར། ཅིའི་ཕྱིར། ཁ་ཚིག་མངར་མོའི་ལམ་རྒྱགས་ཀྱི་སྐྱེལ་མ་མི་མཁོ་བའི་ང་ཚོ། མི་ཚོགས་ཀྱི་བཤད་ཡམས་ཁྲོད་དུ་སྨྲ་ལྕེ་ལྐུགས་སོང་། ཅིའི་ཕྱིར། གོག་ལངས་འགྱེལ་གསུམ་གྱི་བརྒྱུད་རིམ་ཞིག་ལས་མི་ཚེའི་བཤུལ་སྣེ་ཞིག་ཟིན་པ་དེ་ཡང་རེ་བའི་མུག་ནག་གི་གཅོང་རོང་དུ་ཁ་སྦུབ་ལ་འགྱེལ་སོང་། ཡང་སྙིང་ཅི་ཞིག་གི་ཕྱིར་དུ་ང་ཚོས་གཟུངས་ཆེན་ཡི་གེ་དྲུག་མའི་དབྱངས་རྟ་དེ་ཆགས་འཇིག་གི་སྨྲེ་ངག་ལ་འདྲེན་དགོས། ས་ཆེན་པོའི་སྨིན་འོག་ནས་ཁྲོ་གཉེར་བསྡུས་ན་ད་གཟོད་བསང་མེ་ལས་གཞི་བདག་བཙལ་ཅིང་། དུང་དཀར་ལས་དཀོན་མཆོག་བོས་པ་ཡིན། འོ་ན། དེའི་དུས་མཐོ་སྒང་གི་སྒལ་གཞུང་དང་། ས་ཆེན་མ་ལོའི་བྲང་གཞུང་ནས་གླང་སྨྱོན་བཞིན། དོག་མོ་ས་ཡི་སྙིང་ཁར་ཕབ་པའི་རྨ་ཤུལ་དེ་འཇོག་དུས་སེམས་བསམ་པའི་དཀོན་མཆོག་དེ་གང་ན་བསྟིམས་ཡོད། སེམས་ཅན་ཐམས་ཅད་མ་རུ་གྱུར་བའི་གདམས་པ་དེ་གང་ལ་འཕུར་སོང་། ཡིག་དྲུག་གི་པད་དཀར་འཛུམ་པའི་དབྱངས་རྟ་འདི་ནི་རང་གི་སེམས་ནི་ཡོངས་སུ་འདུལ་ནས། དགེ་བ་ཕུན་སུམ་ཚོགས་པར་བགྱིས་པ་མ་གཏོགས། རང་བྱས་རྒྱུ་ལ་ངན་འབྲས་བསགས་པའི་འགྱོད་ཚིག་ག་ལ་ཡིན། ངའི་རྟག་བརྟན་གྱི་གངས་རི། ཤ་དང་རུས་པའི་འབྲེལ་ཐག་དམ་པོས་གཅིག་ཏུ་བཅིངས་པའི་བླ་རི། ང་ཚོའི་འདོད་རྔམ་གྱིས་ཁྱེད་རང་སྒུལ་ཐུབ་ན། ཁྱེད་ཀྱི་རྔམ་བརྗིད་ལྡན་པའི་གཟུགས་བོངས་ཀྱིས་ང་ཚོ་གནོན་རྩིས་ཡིན་ནམ།
             ངའི་མེས་པོ་ཚོ་ཆེས་ཀླ་ཀློ་ཡིན་རུང་། ཆེས་ལྷད་མེད་པའང་དེ་རེད་ཡ།