རྨི་ལམ་གྲོང་ཚོ།

རྩོམ་པ་པོ།:ཚེ་གཟུངས་སྐྱབས། 2011-07-10
མཚོ་སྔོན་པོ་དྲ་བ།

 

རྨི་ལམ་གྲོང་ཚོ།

                                                                                 མཐོ་འབྲིང་གཉིས་པའི་འཛིན་གྲྭ་གསུམ་པ།  ཚེ་གཟུངས་སྐྱབས།
  
             དཔའ་མཛངས་ཀྱི་ཡབ་མེས་སུ་ཞིག་གནས་འདིར་གཞིས་ཆགས་པ་ཆ་མ་འཚལ་མོད། གང་ལྟར་རྨི་ལམ་གྲོང་ཚོ་ཕྱོགས་བཞི་ལྷུན་པོས་བསྐོར་བ། རི་རྩེ་གངས་ཀྱིས་གཡོགས་ཤིང་། རི་སྐེད་ནགས་ཀྱིས་བརྒྱན་པའི་ལུང་ཁུག་ཅིག་ཏུ་འཇམ་ཐང་ངེར། ཞི་འཇགས་སེ་དཀར་ཡོལ་ནང་གི་མར་ཁུ་བཞིན་ཞུན་ཆགས་ཀྱིས་གནས།
             ཉི་མ་དང་བར་ཐག་ཆེས་ཉེ་བའམ་དྲག་རླུང་གི་འཚུབ་མ་ཆེས་རྒོད་པའི་སྟབས་ཀྱིས། གྲོང་མི་ཡོངས་ཀྱི་ངོ་གདོང་དམར་བོར་གྱུར་ཅིང་། ཁོ་ཚོས་རང་ཉིད་ལ་དབང་བའི་སྐས་ཞིང་དེར་བརྟེན་ནས་ཁ་གསོ་བ་མ་ཟད། རང་ཉིད་ཀྱི་སྙིང་གཏམ་གླེང་སའི་སྒོ་ཕྱུགས་ལ་བརྟེན་ནས་རྒྱབ་འགེབ་བྱེད། ཁོ་ཚོ་རང་ཉིད་ཀྱི་འཚོ་སྟངས་ལ་སྤྲོ་སེམས་འཁོལ་ཞིང་ཆོག་ཤེས་བྱེད་པ་མ་ཟད། ད་དུང་ཁོ་ཚོས་མཐའ་འཁོར་གྱི་རི་བོའི་རྩེ་ནི་གནམ་ས་འདྲེས་མཚམས་ཡིན་པར་འདོད་ལ། སྐས་ཞིང་དང་སྒོ་ཕྱུགས་ནི་མགོན་སྐྱབས་སུ་ཞིག་གིས་ཁོ་ཚོར་གནང་བའི་ཟས་སྐལ་ཡིན་པར་འདོད།
             གདོང་མདོག་དམར་བོ་མིན་པའི་རྐང་གཉིས་རེ་འགའ་མགོ་རྨོངས་ཏེ་གནས་འདིར་ཐོན་དུས་གྲོང་མི་འགའ་རེས་ལྷ་རུ་སྙམ་ནས་ཕྱག་འཚལ་ཅིང་། འགའ་རེས་འདྲེ་རུ་བཟུང་སྟེ་སྦད་ཅིང་ཡིབ། རྐང་གཉིས་དེ་དག་གི་ཕྱག་གམ་ཡང་ན་འདྲེ་ལག་ཏུ་བཟུང་བའི་དངོས་པོ་དག་ལ་ལས་མཆོད་ཁང་དུ་འཇོག་ཅིང་། ལ་ལས་བསྲེགས་པའམ་ཆུ་ནང་དུ་བསྐྱུར་བར་བྱེད། གང་ལྟར་རྐང་གཉིས་དེ་ཚོས་རྨི་ལམ་གྲོང་ཚོའི་སྲོལ་རྒྱུན་གྱི་རྨི་ལམ་རྨིས་སྟངས་ལ་འགྱུར་བ་འགྲོ་མགོ་ཚུགས་སུ་བཅུག 
             གལ་ཏེ་མི་ཞིག་གིས་རླངས་འཁོར་གསར་གཏོད་བྱས་མེད་ན། གལ་ཏེ་གཞུང་ལམ་གྱི་ཁ་ཕྱོགས་རྨི་ལམ་གྲོང་ཚོར་འཁེལ་མེད་ན། ཁྱོད་ཀྱིས་ཇི་ལྟར་ཡང་རྨི་ལམ་གྲོང་ཚོ་ཞེས་པ་འདི་ཤེས་ཐུབ་ཀྱི་མ་རེད། ལྷག་པར་དུ་གྲོང་ཚོ་དང་གྲོང་མི་རྣམས་ཀྱིས་མཐུན་སྒྲིལ་འབད་འཐབ་ཀྱིས་གཡང་གཟར་གྱི་ལུང་ཁུག་དེ་ནས་དཔྱིད་ནས་དབྱར་དང་། སྟོན་ནས་དགུན་བར་ལྷུན་པོས་བྱིན་པའི་དྲོད་ཁོལ་དང་། གདུག་རྩུབ་དང་ལེན་བྱེད་བཞིན་པ་དེ་བས་ཀྱང་ཤེས་ཐབས་མེད།
             རླངས་འཁོར་གྱི་དུང་སྒྲ་དང་འགྲུལ་བ་རྣམས་ཀྱི་འབོད་སྒྲས་རྨི་ལམ་གྲོང་ཚོའི་རྣ་བ་དཀྲོགས་ཤིང་། གནག་སྣུམ་གྱི་གཞུང་ལམ་གྱིས་རྨི་ལམ་གྲོང་ཚོའི་ཞིང་ས་བཅད་པས། གྲོང་མིའི་བློ་ངོར་ད་ནི་སྐལ་བ་སྙིགས་མའི་དུས་སུ་སླེབས་པར་སྙམ་ཞིང་གསར་བ་བདུད་ཀྱི་འཕྲུལ་དང་ངོ་མཚར་ཐན་ལྟས་ཀྱི་འདུ་ཤེས་སྒོམ་པའི་སེམས་ཀྱི་གུར་ཁང་དུ་འཇིགས་སྣང་དང་ཧང་སངས་ཀྱི་སྤྲིན་ནག་འཁྲིགས་བཞིན་མཆིས། འོན་ཀྱང་རླངས་འཁོར་གྱི་དུང་སྒྲ་དང་འགྲུལ་བ་རྣམས་ཀྱི་འབོད་སྒྲ་ཉིན་རེ་བཞིན་ཇེ་མཐོ་ཡིན་པས། ཁོ་ཚོས་དང་ཐོག་གི་ཧང་སངས་དང་འཇིགས་སྣང་སྙིང་སྟོབས་སུ་བསྒྱུར་ཏེ་རླངས་འཁོར་གྱི་མདུན་ནས་བཀག་ཅིང་འགྲུལ་བ་རྣམས་མགྲོན་དུ་བསུས། ཡུན་རིང་གི་འབྲེལ་འདྲིས་ཁྲོད་ནས་ཁོ་ཚོར་གོ་རྟོགས་སད་པ་ནི་མ་གཞི་འགྲུལ་བ་དེ་ཚོ་ནི་ལྷའམ་འདྲེ་གང་ཡང་མ་ཡིན་ཏེ། ཁོ་ཚོའི་བར་ལ་བརྩེ་བའི་གཏམ་གླེང་ཡོད་ལ་ཞེན་ཆགས་ཀྱི་འཁྲེང་སེམས་ཀྱང་མང་བོ་འདུག་པ་མ་ཟད། རླངས་འཁོར་དེའང་མི་ཡིས་ཁ་ལོ་བསྒྱུར་བཞིན་པ་ད་གཟོད་ཤེས། གྲོང་མིས་སྣེ་ལེན་བྱས་པའི་ལྷག་བསམ་གྱིས་འགྲུལ་བ་རྣམས་ཀྱི་ཡིད་སེམས་བཀུག་ཅིང་གྲོང་མི་ཚོར་ལེགས་སྐྱེས་ཀྱི་དངོས་པོ་འགའ་རེ་སྐྱུར་བ་རེད། དངོས་པོ་དེ་དག་ལ་སྟབས་བདེ་ཞིང་བཀོལ་ནུས་ཆེ་ལ། དབྱིབས་མཛེས་ཤིང་སྤྱོད་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་ན་གཞོན་འགའ་རེས་ཐོག་མར་ཤེས་ཤིང་། དངོས་པོ་དེ་དག་ཞིང་ལས་དང་ཕྱུགས་ལས། ཁྱིམ་ལས་ཁྲོད་བཀོལ་སྤྱོད་བྱས་པས་ལས་ཕྱོད་ཇེ་ཆུང་དང་ལས་ཡུན་ཇེ་ཐུང་དུ་བཏང་བ་མ་ཟད། ཐོན་ཚད་ལྡབ་འགྱུར་གྱིས་གོང་དུ་འཕེལ་བར་བྱས།
             འོན་ཀྱང་། གསར་བ་ནང་འདྲེན་བྱེད་པའི་ཐད་ནས་གྲོང་ཚོའི་རྒན་པོ་ཤེས་པ་ཅན་དང་ན་གཞོན་ཨ་གསར་ཅན་བར་འགལ་བ་མང་བོ་ཞིག་བསླངས་རུང་། གྲོང་ཚོའི་ཁྲོད་རླངས་འཁོར་ལ་རེ་སྒུག་བྱེད་མཁན་ཇེ་མང་དང་ལྷག་པར་དུ་རླངས་འཁོར་དེར་བཞུགས་པའི་འགྲུལ་བ་རྣམས་ཀྱི་ཅ་དངོས་ལ་རེ་ལྟོས་བྱེད་མཁན་ཇེ་མང་དུ་གྱུར་བ་རེད། གྲོང་མི་ཚོས་རང་ཉིད་ཀྱི་མར་ཆུར་དང་ཁུལ་རྩིད། གྲོ་ནས་སྲན་མ་སོགས་བླངས་ཏེ་འགྲུལ་བ་ཚོའི་ཅ་དངོས་དང་བརྗེ་མགོ་བརྩམས། ཚོང་རྒྱུག་པའི་ཆེད་དུ་གྲོང་མི་ཚོས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཇ་ཁང་དང་ཚོང་ཁང་། མགྲོན་ཁང་རེ་འགའ་གཞུང་ལམ་གྱི་ཉེ་འགྲམ་དུ་བཙུགས་ནས། རླངས་འཁོར་གནས་དེ་ནས་སྡོད་པའི་དུས་ཡུན་ཇེ་རིང་དུ་བཏང་བས། ཚོང་གི་ཁེ་སྤོགས་ཇེ་མཐོར་བཏང་།
             ད་ལྟ། རླངས་འཁོར་ནི་ཁོ་ཚོའི་སེམས་ནང་གི་རེ་སྒུག་བྱེད་ས་གཅིག་པུ་སྟེ། སྐོམ་པས་ཆུ་འདོད་དང་ལྟོགས་པས་ཟས་འདོད་པ་བཞིན་དུ་གཞུང་ལམ་གྱི་ཉེ་འགྲམ་ནས་ལངས་ཏེ་རེ་བའི་མིག་ཟུང་ལྡེབ་པའི་གོ་སྐབས་ཙམ་ཡང་མེད་པར་གྱུར་ཡོད། དེ་ལྟར་རྨི་ལམ་གྲོང་ཚོའི་རྨི་ལམ་རེ་སྒུག་གིས་བདས་པས། མིང་ལ་རེ་སྒུག་གྲོང་ཚོ་ཞེས་བཏགས་ན་འོས་ཤིང་འཚམ།