རྫ་ཆུ་བསིལ་མ།

མཚོ་སྔོན་པོ་དྲ་བ།

 

རྫ་ཆུ་བསིལ་མ།

                                     མཐོ་འབྲིང་གཉིས་པའི་འཛིན་གྲྭ་དང་བོ།  རྨོག་རུའི་བཀྲ་ཤིས་དོན་གྲུབ།

            རྫ་ཆུ་བསིལ་མ། མཐོ་སྒང་ཨ་མའི་བྲང་གཞུང་ནས་བརྡོལ་བའི་ནུ་ཞོ་མངར་མོ། ནམ་ཡང་བཅུ་གཉིས་བདག་པོའི་བརྩེ་བའི་འོད་ཞགས་ཀློང་ན་ཁྲ་ཆེམ་མེར་འཕྱོ་བཞིན་ཡོད་ལ། རྔུལ་ཆུའི་ཕྲེང་བ་འདྲེན་པའི་འགྲེང་འགྲོ་གང་དེའི་མགྲིན་པའི་ཁུགས་སོ་ན་འཁྱག་བསིལ་ལེར་འབབ་ཀྱིན་ཡོད། ཁྱེད་ཀྱི་མུ་ཏིག་གི་ཕྲེང་རྡོག་འཐོར་འདྲའི་ཟེགས་མ་རེ་རེ་རྩྭ་ལྗང་རྐང་དེའི་མགུལ་བ་ན་ཆུ་ཤེལ་བཞིན། ཇི་འདྲའི་མཛེས་ཤིང་སྙིང་དུ་སྡུག་པ་ལ་ཨང་།
            ཁུ་བྱུག་བུ་མོའི་མགྲིན་གླུ་དང་མཉམ་དུ། ཁྱེད་ཀྱིས་སླར་ཡང་འཁྱག་རོམ་གྱི་གོ་ཆ་ཕུད་ནས། དྭངས་གཙང་གི་རང་ལུས་སྦྱིན་པར་གཏོང་མགོ་བརྩམས། དུས་དེར། ཁྱེད་ཀྱི་སྙན་ཞིང་འཇེབས་པའི་བཞུར་སྒྲ་དེ་གཡང་དཀར་ལུག་ཁྱུའི་འབའ་སྒྲ་དང་བསྡེབས་ནས། འདོ་དྲུག་རྟ་ཕོའི་འཚེར་སྒྲ་དང་བསྡོངས་ནས། ཐུལ་དཀར་འབྲི་མོའི་ངུར་སྒྲ་དང་འགྲོགས་ནས། ཟླ་བའི་འོད་དབྱངས་ལ་འཁུ་བའི་དྲི་ཟའི་རོལ་མོ་ལྷད་མེད་ཅིག་ཏུ་གྲུབ་ལ། ཆུ་ལེན་འབྲོག་མོའི་ཟངས་ཀྱི་གཟར་བུའི་ནང་། དགེ་བཤེས་དམ་པའི་ཤིང་གི་ཕོར་བའི་འཇིངས། ཞིང་བ་རྒན་པོའི་རྔུལ་ཆུས་བརླན་པའི་སྙིམ་པའི་ཁྲོད། ཁྱེད་ཀྱི་རང་མདངས་ལ་འགྱུར་བ་ཕྲ་མོ་ཙམ་ཡང་མེད་དེ། སྔར་བཞིན་ཇི་འདྲའི་བསིལ་ཞིང་འཇམ་ལ། དྭངས་ཤིང་གསལ།
            ཁྱོད་ཡོད་པའི་དབང་གིས། མཐོ་སྒང་ལ་གཟི་ཉམས་འབར་ལ། རྩྭ་ལྗང་ལ་གསོན་ཤུགས་རྫོགས། ཁྱེད་ཡོད་པའི་དབང་གིས། གོ་ལ་འདིར་བཀྲག་མདངས་འཚེར་ཞིང་། འགྲོ་དྲུག་ལ་སྙིང་སྟོབས་རྒྱས། ཁྱེད་ནི་ས་སྒང་ཟླུམ་པོའི་དབང་རྩར་རྒྱུ་བའི་ཟུངས་ཁྲག་ཡིན་ལ། ནམ་ཡང་རྒྱང་བཞུད་ལ་བྲེལ་བའི་བྱམས་སེམས་ཀྱི་བདག་པོ་ཡིན།
            ང་རང་དྭངས་གཙང་གི་ཆུ་མིག་དེའི་འགྲམ་དུ་བསྡད་ནས། བྲེལ་འཚུབ་ཀྱིས་ཁྱོར་བ་གཟར་བུ་བཞིན་རྫ་ཆུ་བསིལ་མར་བསྒྲེས་ཐེངས་རེར། སྤྲོ་སྣང་ཞིག་གམ་དགའ་ཚོར་ཞིག་གིས་ལུས་ཡོངས་དབང་མེད་དུ་སྦྲིད་པར་བྱེད་ཅིང་། ཅི་ཡིན་འདི་ཡིན་མེད་པའི་ཁོག་འདར་རེ་གཉིས་རྒྱག་དགོས་ཀྱི་ཡོད། ངས་ལག་པ་ཆུ་ལས་ལེན་མི་འདོད་ལ། ནམ་ཡང་འདི་ལྟར་འདུག་ན་འདོད། རྒྱུ་མཚན་ནི། ང་རང་ནམ་ཡང་རྫ་ཆུ་བསིལ་མར་དགའ་ཞིང་དུངས་ལ། རང་ཉིད་ཀྱང་རྫ་ཆུ་བསིལ་མ་ཞིག་ཏུ་འགྱུར་འདོད་པས་སོ།།