སྐྱོ་ངལ་གྱི་ཁེར་ལབ། ཀླུ་ཆུ་གཞུང་ཁ་ལ་ཡུག

རྩོམ་པ་པོ།:ཁ་ལ་ཡུག 2011-12-10
མཚོ་སྔོན་པོ་དྲ་བ།

སྐྱོ་ངལ་གྱི་ཁེར་ལབ།

                                ལོ་རྒྱུས་ཁྲོད་ཀྱི་བོད་པའི་བུད་མེད་དག་གླེང་བ།
                                          མཐོ་གཉིས་འཛིན་བཞི།   ཀླུ་ཆུ་གཞུང་ཁ་ལ་ཡུག

              འདས་སོང་གི་བོད་ཀྱི་བུད་མེད་དག་གི་ལས་དབང་དེ་ཡར་ཀླུང་གཙང་བོའི་གོ་གྲུར་བསྡད་ནས་ཧི་མ་ལ་ཡི་གངས་ཆབ་དང་བསྡོངས་ནས་རང་དམན་ཁེངས་སྐྱུང་གི་ཁྱད་གསོད་སྒྱེ་མོ་གང་ཁུར་ཏེ་མི་མངོན་པའི་ཐག་རིང་ཞིག་གམ་འུ་ཅག་གི་རྣམ་ཤེས་འཛུལ་སའི་གསང་ལམ་གང་ཞིག་ཏུ་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་བཞུད་སོང༌། ཐག་རིང་ཐག་རིང་ཞིག་ལ་སྲོལ་རྒྱུན་གྱི་སྡང་མིག་ཚ་དྲགས་པ་ཞིག་དང་ལྷན་དུ་ཉེས་དམིགས་རུམ་གང་ཁུར་ནས་འུར་རྡོ་བཞིན་སྐར་མདའ་འཕངས་པ་ལྟར་རྒྱང་དུ་ཡལ་སོང༌། ད་ལྟ་ངེད་ཅག་ས་སྒང་རིལ་མོ་འདིའི་པང་བར་ཤུགས་ཀྱིས་འགྲེང་ནས་སྤོབས་པ་ཆེན་པོའི་མདུན་དུ་སྤོ་དུས་གནའ་དུས་ཀྱི་གྲོང་མཐའ་དང་སྦྲ་འདབས་ཀྱི་ལྕི་འདམ་ཁྲོད་ལུས་བའི་ཁོ་མོ་ཚོ་ཇི་འདྲའི་ཉམ་རེ་ཆུང་ཨང༌། སྙིང་རེ་རྗེ་ཨང་། སྤྱིར་འཚོ་བ་ནི་སྐོམ་དུས་སྙིམ་པར་བླངས་བའི་དྭངས་གཙང་གི་རྫ་ཆུ་བསིལ་མ་དང༌། སྐྱོ་དུས་སེར་གས་ཁྱབ་པའི་ལག་ཟུང་གི་བྱིལ་བྱིལ་ཡིན་མོད། ཁོ་མོ་ཚོར་མཚོན་ན་བདེན་པའི་མཐའ་སྐྱོང་མེད་ལ་འདྲ་མཉམ་གྱི་མགོན་སྐྱབས་ནི་འཇིག་རྟེན་གྱི་ལྷ་གསོན་པོ་སུ་ཞིག་གིས་ཀྱང་སྒྲུབ་མ་ནུས། རང་ཅག་ཚོས་རང་ཉིད་ལ་དབང་བའི་འཇིག་རྟེན་འདི་རུ་ཕུགས་བསམ་གྱི་གྲེ་འགྱུར་ངག་དུ་བསྡོ་འདོད་ཀྱང་རུང༌། ལ་རྒྱ་ཡི་དར་ཆ་དགུང་དུ་འཕྱར་སེམས་ཀྱང་སྲིད། གང་ལྟར་རྩལ་དགུ་འཛོམས་པའི་སྟག་ཕྲུག་བཞིན། གཤོག་རྩལ་རྫོགས་པའི་གླག་ཕྲུག་བཞིན་རང་ཉིད་ཀྱི་བརྩོན་པའི་གཤོག་ཟུང་ལ་བརྟེན་ནས་གཞལ་མཐའ་བྲལ་བའི་རྩྭ་ཐང་གི་གཞི་དང་མུ་མཐའ་མི་མངོན་པའི་ནམ་མཁའ་སོགས་ཧ་ཅང་ཆེ་བའི་རྒྱ་ཁྱོན་ཞིག་ཏུ་བགྲོད་ཆོག་ཆོག་རེད་བཞུད་ཤ་ཤ་ཡིན། དེ་བས་འུ་ཅག་གིས་འཛད་མཐའ་མེད་པའི་སྙིང་སྟོབས་ཀྱི་རྒྱགས་ཕྱེ་རྒྱབ་ཏུ་ཁུར་ཅིང་དམ་བཅའི་མིག་ཟུང་རྒྱང་དུ་གཏད་ནས་ལས་དབང་གསར་བ་ཞིག་གི་སྒོ་གླེགས་འབྱེད་དུ་ཆས་དགོས། ལྟོས་བཅས་ཀྱི་རྒྱལ་ཁ་དང་གྲགས་སྐམ་གྱི་མཚན་སྙན་གྱིས་ཅི་བྱེད།  
              མཛེས་ཤིང་སྡུག་པའི་སང་ཉིན་གསར་བ་ཞིག་གི་སླད་དུ་ང་ཚོ་དངོས་གནས་ལམ་ལ་ཆས་རན་འདུག སྐབས་འདིར་ང་ཚོས་འདས་སོང་གི་ཁོ་མོ་ཚོས་ན་ཟུག་མ་ཚོར་ན་ག་ལ་ཆོག  སྲོལ་རྒྱུན་གྱི་མཐོང་ཆུང་དང་བརྙས་དམོད་ཀྱི་ལྕག་ཚན་གྱིས་དྲག་ཏུ་གཞུས་བའི་ཨག་སྐད་དང་གད་རྒྱངས་མ་ཐོས་ན་ག་ལ་འགྲིག  ཕ་རྒྱུད་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་རྒྱུད་བྲག་སྲིན་ལས་ཆད་པའི་གདོང་དམར་བོད་ཀྱི་མི་རབས་གསར་བ་ཡ། ཕོ་ཉལ་མགོ་མང་ན་དགྲ་མགོ་མི་ནོན། མ་ཉལ་མགོ་མང་ན་གནས་མགོ་འཆོར་ཟེར་བ་མ་ཡིན་ནམ། དུས་རབས་ཀྱི་གཙང་ཆུ་མཐོ་གང་རྒྱས་ན་བསམ་བློ་ཡི་ཆུ་རགས་འདོམ་གང་བརྩིགས་མ་ཐུབ་ན་ག་ལ་འགྲིག  ང་ཚོར་དགུང་ཨ་སྔོན་ཡངས་རུང་མ་འཕུར་ན་ས་དོག་མོ་ཆེ་རུང་མ་འགུལ་ན་ཕྱི་རྫ་རི་སྨུག་པོ་དོན་མེད་དང་གངས་དཀར་པོའི་མཆོད་རྟེན་སྟོང་བ་མ་ཡིན་ནམ།