ཕྱིར་དྲན་ཀློང་གི་སྙན་ངག་འཚོ། སྲས་མོ་རྒྱལ།

རྩོམ་པ་པོ།:སྲས་མོ་རྒྱལ། 2011-12-12
མཚོ་སྔོན་པོ་དྲ་བ།

ཕྱིར་དྲན་ཀློང་གི་སྙན་ངག་འཚོ།

                                                                       མཐོ་གཉིས་བཞི་བ།  སྲས་མོ་རྒྱལ།

          སྙན་ངག་འཚོ། འུ་གཉིས་ཟླ་བཅུ་བའི་གྲང་རླུང་དང་མཉམ་དུ་མིག་ཆུ་དང་འཁྲེང་ཞེན། ཕྱི་མིག་བཅས་ཡུལ་འདིའི་མགྲོན་པོ་བཞིན་ཆས་དུས། ངས་ཁྱོད་ལ་མཐའ་མཇུག་གི་བདེ་མོ་དང་འགྲུལ་བཞུད་ལ་སྐྱབས་འཇུག་ཞུ་བ་ལས། ངས་ཅི་ཞིག་ནུས། ཅི་ཞིག་ཕོད། ངོ་མ་བཤད་ན། བྲལ་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་སྡུག་དགོས་པ་ནི་དེ་འདྲ་མེད།
          གྲོགས་མོ་ལགས། ཁྱེད་རང་ཕུགས་འདུན་རིང་མོ་ཞིག་གི་ཆེད་དུ་ཐག་རིང་ཐག་རིང་ལ་ཆས་སོང་བའི་ཉིན་དེ་ནས་བཟུང་ངའི་དྲན་པའི་རྫ་ལུང་ན་སྐྱོ་གདུང་ཁྲི་ཕྲག་གི་སྨུག་སྤྲིན་རྒྱུ་ཞིང་སེམས་ཀྱི་ཁོར་ཡུག་ན་དྲན་གདུང་གྲངས་མེད་ཀྱི་ཁ་བ་འཕུར།
          ཡིན་ནའང༌། ཁྱོད་ཀྱི་ཕུགས་བསམ་ལ་གསེར་མདོག་གི་རིན་ཐང་དང་གཟི་བརྗིད་ཀྱི་འོད་སྣང་མཆིས་ན། དྲན་གདུང་གི་སྡུག་ཡུས་ཀྱི་སུན་སྣང་རེ་རེ་རྒྱབ་དུ་བསྐྱུར་ཏེ་ཁྱེད་ལ་སྙན་ངག་གི་མཆོད་ཆང་དང་རེ་སྨོན་གྱི་རླུང་རྟ་སྤུར་ཆོག
          སྙན་ངག་འཚོ། འུ་གཉིས་རི་ཆུ་གྲངས་མེད་ཀྱི་ཕར་ཚུར་ནས་རང་དབང་གི་འཇིག་རྟེན་ལ་སྡོངས་གདུང་གིས་ཆས་དུས། སེམས་པ་དང་སེམས་པའི་བར་གསེང་ན་བརྩེ་སེམས་དམར་བོ་ཞིག་གི་མེ་དཔུང་མཆེད། འོན་ཀྱང༌། ཁ་ཐག་རིང་ཡང༌། བརྩེ་སེམས་ལ་ཉེ་རིང་མེད། སྙན་ངག་འཚོ། སེམས་དཀར་པོ་གངས་རི་ལྷུན་པོ་འདྲ།། གཏམ་དྲང་མོ་སྒྲོ་ལྡན་མདའ་མོ་འདྲ།། ལས་རྣམ་དག་ཆུ་སྐྱེས་པདྨ་འདྲ། འདི་འདྲ་བ་སུམ་འཛོམས་གྲོགས་ཀྱི་མཆོག། ཞེས་པ་དེ་ཁྱེད་ལ་ལྡན། དྲན་པ་ཁྲི་ཕྲག་བསྲེས་པའི་ལོ་ཟླ་གྲངས་མེད་ཅིག་ཆུ་རྒྱུན་ལྟར་བཞུར་འགྲོ་བས་འདས་སོང་གི་ལོ་ཟླའི་བར་ནས་བཞག་པའི་གཟུགས་མེད་ཀྱི་དྲན་གདུང་དེ་ཟབ་དྲགས་བས་དེ་རིང་ངས་ལྕགས་སྨྱུག་ལ་ཁ་ལོ་བསྒྱུར་ནས་འདས་སོང་གི་ལོ་ཟླ་ལ་ཕྱིར་དྲན་བྱས་པ་ཙམ་ཡིན་ནོ། །