ངས་ཟླ་བ་དང་སྐར་ཚོགས་མཐོང་བས་ཉི་མ་ལྷག་ཏུ་དྲན།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། 2012-05-22
མཚོ་སྔོན་པོ་དྲ་བ།

 

 
དངོས་མིང་། ཚེ་རིང་སྒྲོལ་མ།
པིར་མིང་། དར་དཀར་ལྷ་མོ།
འཛིན་གྲྭ  2009ལོའི་བོད་སྐད་ཡིག་རྩོམ་རིག་དངོས་འཕར་འཛིན་གྲྭ
ཕ་ཡུལ།  མཚོ་སྔོན་སྐྱེ་དགུ་མདོ།

མཚན་མོ་འདིར། ངས་ཟླ་བ་དང་སྐར་ཚོགས་མཐོང་བས་ཉི་མ་ལྷག་ཏུ་དྲན།

           ཟླ་འོད་ལམ་ལམ་འཚེར་བའི་ལྷིང་འཇགས་ཀྱི་མཚན་མོ་དེར
           གྲང་རླུང་གི་ངར་ཤུགས་ཧ་ཅང་ཆེ་བས
           སུ་ཞིག་གིས་སྒེའུ་ཁུང་གི་དྲ་མིག་ནས
           འདར་སིག་སིག་ངང
           འཁྱག་རོམ་གྱི་སྡུག་བསྔལ་ལ་འགྲན་རྩོད་སློང་བཞིན
           ཡར་ངོའི་ཟླ་བའི་གཟུགས་དབྱིབས་དང
           མར་ངོའི་ཟླ་བའི་འོད་སྣང་ལ་སྒུག་སྲིད
    
          སྐར་ཚོགས་ཆིམ་ཆིམ་འཕྲོ་བའི་ཁོད་ཡངས་ཀྱི་མཚན་མོ་དེར
          དབེན་འཇགས་ཀྱི་སུན་སྣང་ཆེ་དྲགས་པས
          སུ་ཞིག་གིས་གནམ་ས་གཡོ་བའི་ཀི་རིང་གིས
          ཡོད་ཚད་གཉིད་དུ་དཀྲོག་ནས་ཟིང་ཟིང་གི་འཇིག་རྟེན་དང
          རྣམ་རྟོག་གི་མི་ཡུལ་ཞིག་ཏུ་བསྒྱུར་ཕོད།
 
          ཉི་མ་བྲལ་བའི་མཚན་མོའི་སྨག་རུམ་ཁྲོད་དུ
          ངའི་རུས་རྐང་ལ་དྲོད་ཁོལ་དབེན་པས
          འཁྱག་རོམ་གྱི་སྡུག་བསྔལ་ཡོད
          ངའི་རྣམ་ཤེས་ལ་འོད་སྣང་བྲལ་བས
          བཙོན་དུ་ལུས
  
          ཉི་མ་ལགས།    ངས་རྣ་བ་ཁྱོད་ཕྱོགས་གཏད་ནས
          ལོ་ཟླ་ག་ཚོད་ལོན་པ་དཔག་དཀའ་ཤིང
          དུས་ཚོད་དང་སྐར་ཆ་ག་ཚོད་ཟིན་པ་དེ་བས་ཀྱང་གྲངས་ལས་འདས
          ཡིན་ནའང་།   ཁྱེད་རང་རི་བོ་ཧི་མ་ལ་ཡི་རྩེ་མོ་ནས
          གཟི་བརྗིད་ཀྱི་འོད་ཟེར་འཕྲོས་ནས
          སྒེག་ཉམས་ཀྱིས་འགྲེངས་འདུག་པ་ཚོར་དུས
          ངས་ཁྱེད་ལ་ལྐོག་གྱུར་གྱི་གུས་ཕྱག་འཚལ་འདོད་ལ
          ཤིན་ཏུ་ལྐོག་གྱུར་གྱིས་མཆོད་པ་འབུལ་འདོད
 
          ཉི་མ་ལགས།    མཚན་མོ་འདིར  
          ངའི་ལམ་ཕྲན་སྨག་གིས་སྒྲིབས་སོང ངའི་སེམས་པ་འཁྱག་གིས་བསྡམས་སོང
          ཡིན་ནའང ངའི་བགྲོད་ལམ་ཇི་འདྲའི་དོག་ཀྱང
          ཁྱེད་ཀྱིས་སྦྱིན་པའི་རྣམ་ཤེས་ཀྱི་དྲོད་ཐིགས
          ངའི་ཁྲག་རྩའི་སྦུབས་སུ་ད་དུང་འཁྱིལ་བཞིན་ཡོད་པ་དེ
          ངའི་ལམ་བགྲོད་ཀྱི་རྒྱགས་ཕྱེ་རུ་བྱས་ནས
          བཀྲེས་ལྟོགས་ཀྱི་བསྡུག་བསྔལ་མི་མྱོང་བའི་སྨོན་ལམ་བཏེགས་ཡོད