ཕྱི་ཚུལ་རིང་ལུགས།

རྩོམ་པ་པོ།:སྙིང་ལྕགས་འབུམ། 2012-05-22
མཚོ་སྔོན་པོ་དྲ་བ།


                 
དངོས་མིང་། སྙིང་ལྕགས་འབུམ།
པིར་མིང་། ཁ་བ་སྙིང་ལྕགས།
འཛིན་གྲྭ  2008ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭ་དང་པོ།
ཕ་ཡུལ།  མཚོ་ལྷོ་ཆབ་ཆ།

ཕྱི་ཚུལ་རིང་ལུགས།

         ཡུན་རིང་མ་འགོར་བའི་ལོ་འགའི་ཡར་སྔོན་དུ། བོད་ཀྱི་ཡུལ་འདིར་སྟག་གཟིག་དང་ཆུ་སྲམ་གྱིས་ལྭ་བའི་མཐའ་རྒྱན་དང་གོང་ཕུར་བྱེད་པའི་སྲོལ་དེ་ཆེས་ཆེར་དར་ནས་མི་རིགས་དང་རྒྱལ་ཁབ་གཞན་དག་ཧ་ལས་དགོས་པའི་ཚད་དུ་སླེབས། ཉིས་སྟོང་དྲུག་ལོར་རྒྱན་སྤགས་སྡེབས་བསྲེགས་ཀྱི་ལས་འགུལ་བྱུང་ཞིང་། ཡུན་ཙམ་ནས་མདོ་ཁམས་ཀྱི་ཡུལ་གྲུ་ཀུན་ཏུ་རི་དྭགས་དང་གཅན་གཟན་གྱི་པགས་པས་ལྭ་བ་བྱེད་པའི་སྲོལ་དེ་རྨང་ནས་མེད་པར་གྱུར་ལ། དབུས་གཙང་གི་ཡུལ་གྲུ་འགའ་རེ་ན་དུས་ད་ལྟའང་མ་ཉམས་པར་ཡོད་པ་བརྙན་འཕྲིན་ལེ་ཚན་དག་ལས་སྐབས་སྐབས་སུ་མཐོང་ཡོང་། 
         དེའི་རྗེས་སུ། བོད་ཀྱི་ཡུལ་འདིར་ལག་ཁྱེར་ཁ་པར་དང་རླངས་འཁོར་ཆུང་བ་དག་དར་ཁྱབ་བྱུང་། ཐེངས་ཤིག་ཁོ་བོའི་ཉེ་མི་ཞིག་གིས་ང་ལ་འདི་འདྲའི་གཏམ་རྒྱུད་ཅིག་བཤད་མྱོང་། ཁོས་རླངས་འཁོར་བསྐྱུར་ནས་རླངས་འཁོར་དང་བར་ཐག་མི་རིང་བའི་གནས་ཤིག་ཏུ་སྡོད་དུས། མི་གཉིས་ཚུར་ཡོང་ནས་རླངས་འཁོར་ལ་ལྟ་བཞིན“རླངས་འཁོར་འདིའི་ཨང་གྲངས་ལ་ལྟོས་དང་། རླངས་འཁོར་འདི་མི་རང་ག་བ་ཞིག་གི་མ་རེད”ཟེར་བ་ཐོས། གཏམ་རྒྱུད་དེ་ཐོས་མ་ཐག་ང་ལ་དགོད་རྒྱུ་ཞིག་བྱུང་། དེ་ནི་ངའི་ཉེ་མི་དེ“མི་རང་ག་བ་ཞིག་མ་རེད”ཅེས་བཤད་ཡོད་པས་ཡིན། ཡིན་ནའང་དགད་ནས་ཚར་རྗེས་ངས་བསམ་གཞིགས་ཤིག་གཏོང་དགོས་བྱུང་།
         “མི་རང་ག་བ” ཞིག་གིས་རླངས་འཁོར་གྱི་ཨང་གྲངས་ལ་བལྟས་ཏེ་དེའི་བདག་པོ“མི་རང་ག་བ་ཞིག་མིན་པ”ཇི་ལྟར་ཤེས་པ་ཡིན་ནམ།
         ངའི་ཐོས་ཚོད་ཅིག་ལ།ད་ལྟ“དབྱར་རྩྭ་དགུན་འབུའི་བཀའ་དྲིན”གྱིས་འབྲོག་པ་རེ་འགའ་ཞིག་ཕྱུག་པོར་ཆགས་ཤིང་། དེ་དག་གིས་རླངས་འཁོར་དང་ལག་ཁྱེར་ཁ་པར་གོང་ཆེན་དག་ཉོས་པར་མ་ཟད། གོང་ཆེན་བྱིན་ནས་ཁ་པར་ཨང་གྲངས་དང་རླངས་འཁོར་ཨང་གྲངས་དག་ཉོ་བཞིན་འདུག་ཟེར། ཡུལ་ཤུལ་ནས་ཡིན་པའི་འབྲོག་པ་ཞིག་གིས་ཨང་གྲངས་གཅིག་ལ་སྒོར་ཁྲི་གཅིག་དང་། ཨང་གྲངས་འདྲ་མཚུངས་བཞི་ཡོད་ན་སྒོར་ཁྲི་བཞི་བྱིན་ནས་ཉོ་རྒྱུ་ཡིན་ཟེར་བ་ཐོས། སྐབས་དེར་ངའི་ཡིད་ལ་རླངས་འཁོར་དང་ཁ་པར་ལ་འབྲེལ་བ་མེད་པའི་དོན་དག་གཞན་ཞིག་དྲན་ཡོང་། བོད་ཀྱི་སློབ་གྲྭ་ཁག་ཅིག་ཏུ་སློབ་མ་འགའ་རེས་ལས་བྱ་འབྲི་མ་འདོད་པར་སློབ་གྲོགས་གཞན་གླས་ཏེ་ལས་བྱ་ཐེངས་ཤིག་བྲིས་ན་སྒོར་ལྔ་བཅུ་དང་། རྒྱུགས་ཐེངས་ཤིག་སྤྲད་ན་སྒོར་ཉིས་བརྒྱ་སྟེར་གྱིན་འདུག
         ངས་ཡུན་རིང་ཞིག་ལ་ཁོ་ཚོའི་བྱ་བྱེད་དེ་དག་གི་ནང་དོན་གསལ་བོ་ཞིག་རྟོགས་མ་ཐུབ། ཁོ་ཚོས་སྟག་གཟིག་དང་སྲམ་སྤགས་ཀྱིས་ལྭ་བའི་མཐའ་རྒྱན་དང་གོང་ཕུར་བྱེད་དགོས་པའི་ནང་དོན་རྟོགས་མ་ཐུབ་ལ། རླངས་འཁོར་དང་ཁ་པར་གྱི་ཨང་གྲངས་ངེས་པར་འདྲ་མཚུངས་ཅན་གྱི་ཨང་གྲངས་ཉོ་དགོས་པའི་རྒྱུ་མཚན་ཡང་རྟོགས་མ་ཐུབ། ཐ་ན་ཁོ་ཚོས་སློབ་སྦྱོང་བྱེད་མི་འདོད་ནའང་སྒོར་མོ་བྱིན་ནས་ལས་བྱ་འབྲི་བ་དང་སྒོར་མོ་བྱིན་ནས་རྒྱུགས་སྤྲད་དེ་མཐར་ཕྱིན་དཔང་ཡིག་ལེན་ཐབས་བྱེད་པའི་རྒྱུ་མཚན་ཡང་རྟོགས་མ་ཐུབ།
         ད་ལྟ་ངས་ཅུང་ཙམ་ཞིག་རྟོགས་ཡོང་། དེ་ནི་ཁོ་ཚོ“མི་རང་ག་བ”ཞིག་བྱ་འདོད་མེད་པ་དེ་རེད།
         དེའི་རྗེས་སུ། ངས་བོད་མི་དག་གི“མི་རང་ག་བ”ཞིག་བྱ་འདོད་མེད་པའི་སེམས་ཁམས་དེར་ལོ་རྒྱུས་ཀྱི་རང་བཞིན་ཡོད་པ་རྟོགས། ནང་ཆོས་བོད་དུ་དར་བ་འདིས་དམངས་ཡོང་ལ“མི་རང་ག་བ”ཞིག་བྱ་འདོད་མེད་པའི་སེམས་ཁམས་ཤིག་ཆགས་སུ་བཅུག་ཡོད་ལ། ལྷག་པར་དུ་ནང་ཆོས་ལ་དད་པའི་མི་རིགས་གཞན་དག་དང་མི་འདྲ་བར་སྤྲུལ་སྐུའི་ལམ་ལུགས་བྱུང་བ་འདིས་བོད་མི་དག་གི“མི་རང་ག་བ”ཞིག་བྱ་འདོད་མེད་པའི་སེམས་ཁམས་དེ་དམར་རྗེན་དུ་མངོན་ཡོད་པར་བསམ། གོ་ཐོས་ཤིག་ལ་མགོ་ལོག་གི་ཁྱིམ་ཚང་ཕལ་ཆེ་བ་ན་སྤྲུལ་སྐུ་རེ་ཡོད་ཟེར། རླངས་འཁོར་དང་ཁ་པར་མ་དར་བའི་ཡར་སྔོན་དུ། ཁོ་ཚོས་སྤྲུལ་སྐུ་ཞེས་པའི“ཨང་རྟགས”འདི་ལ་བསྟེན་ནས་རང་ཉིད་དང་རང་ཉིད་ཀྱི་ཁྱིམ་ཚང་དེ“མི་རང་ག་བ”ཞིག་མིན་པ་མཚོན་ཐབས་བྱས།
         རིག་གསར་གྱི་སྐབས་སུ་ཡང་། “མི་རང་ག་བ”བྱ་འདོད་མེད་པའི་བོད་མི་དག་གིས་དཔུང་རྟགས་དམར་པོ་ཞིག་གི་ཆེད་དུ་དགོན་པ་དང་ལྷ་རྟེན་ཆོས་གསུམ་ཐལ་རྡུལ་དུ་བཏང་། སྐབས་དེར་བོད་མི་དད་ལྡན་པ་དག་གིས་ཀྱང་བླ་མ་དང་དཔོན་པོ་ཡང“མི་རང་ག་བ”ཡིན་པ་རྟོགས་ཤིང་། དཔུང་རྟགས་དམར་པོ་ཅན་དེ་དག་ཁོ་ན་ད་གཟོད“མི་རང་ག་བ”མིན་པ་གསལ་བོར་རྟོགས།
         དམངས་ཁྲོད་ཀྱི་གཏམ་དཔེར“ངའི་ཕ་རིང་དང་བུ་རྒྱུད་ལ། མགོ་གསེར་གཞི་ཅན་གྱི་བླ་མ་འཁྲུངས་མྱོང་། ཐོག་ཐམ་ཀ་ཅན་གྱི་དཔོན་པོ་འཁྲུངས་མྱོང་། འོ་ཡ། ངའི་ཉེ་ཡ་མཐོ་སྲོལ་བཤད་ན།དཔོན་ཆེན་པོའི་ཁྲིམས་ཁ་བཙན་ས་ཉེ། རྗེ་བླ་མའི་སྐུ་ཤ་དཀར་ས་ཉེ།”ཟེར་བ་ཡང་བཤད་པ་པོ་རང་ཉིད“མི་རང་ག་བ”ཞིག་མིན་ཞེས་ཤོད་ཀྱིན་ཡོད་པ་རེད།
         འོ་ན། བོད་མི་དག་ཅིའི་ཕྱིར“མི་རང་ག་བ”ཞིག་བྱ་མི་འདོད་པ་ཡིན་ནམ། ཅིའི་ཕྱིར་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད“མི་རང་ག་བ”ཞིག་མིན་པ་བདེན་དཔང་བྱེད་པ་ཡིན་ནམ། ཅིའི་ཕྱིར་གཅན་གཟན་གྱི་པགས་པ་དང་རླངས་འཁོར་དང་ཁ་པར་ཨང་གྲངས“ཁྱད་མཚར་བ”དག་གིས་རང་ཉིད“མི་རང་ག་བ”ཞིག་མིན་པ་མཚོན་དགོས་པ་ཡིན་ནམ།
         ད་ལྟ། ངས་དེ་དག་ཀྱང་ཅུང་ཙམ་ཞིག་རྟོགས་ཡོང་། དེ་ནི་བོད་ཀྱི་རིག་གནས་ཀྱིས“མི་རང་ག་བ”ལ་མི་ཡི་རྩིས་ཐང་མི་སྤྲོད་པས་རེད།
         བོད་ཀྱི་ཡུལ་འདིར། “མི་རང་ག་བ”དག་ནམ་རྒྱུན་དུ“མི་རང་ག་བ་མིན་པ”དག་གི་རྟ་འདོགས་དང་ཆུ་ལེན་ལ་འགྲོ་དགོས་ཤིང་། “མི་རང་ག་བ”དག“མི་རང་ག་བ་མིན་པ”དག་གི་མདུན་དུ་གཉའ་སྒུར་སྒུར་དང་རྒྱུད་པ་ཞུམ་ཞུམ་གྱིས་འདུག་དགོས་པས་རེད། “མི་རང་ག་བ”དག་ནི་སྐྱེ་བ་སྔོན་མར་ཚོགས་མ་བསགས་པ། སྐྱེ་བ་འདིར་ལས་ངན་པ། སྐྱེས་པ་ཕྱི་མར་སྡིག་ཉེས་ལྕི་བ་ཅན་ཤ་སྟག་ཡིན་པས། ཁོ་ཚོ“མི་རང་ག་བ”ཞིག་བྱ་མི་འདོད་པའི་སེམས་ཁམས་ཤིག་གདོད་མ་ནས་ཆགས་ཡོད། དཔེར་ན“མི་རང་ག་བ”དག་གིས་ཤ་ཟ་ཞིང་ཁྲག་འཐུང་བ་ནི་དམྱལ་བར་ལྟུང་བའི་རྒྱུ་འབའ་ཞིག་ཡིན་ཏེ། “མི་རང་ག་བ་མིན་པ”དག་གིས་ཤ་ཟ་ཞིང་ཁྲག་འཐུང་བ་ནི་ཚོགས་མ་བསགས་པའི་ལས་ངན་གྱི་དུད་འགྲོ་དེ་དག་གི་རྣམ་ཤེས་ཞིང་བདེ་བ་ཅན་ལ་འདྲེན་པའི་ཕྱིར་དུ་ཡིན་པ་རེད། དེ་ལྟ་བུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ནས། བོད་མི་དག་ལ“མི་རང་ག་བ་མིན་པ”ཞིག་བྱ་འདོད་ཀྱི་སེམས་ཁམས་ཤིག་ཡོངས་ཁྱབ་ཏུ་ཆགས་པ་རེད།
         བོད་ཀྱི“མི་རང་ག་བ”ལ་མི་ཡི་རྩིས་ཐང་མི་སྤྲོད་པའི་རིག་གནས་འདིས་བོད་མི་དག་ལ“མི་རང་ག་བ”ཞིག་བྱ་འདོད་མེད་པའི་སེམས་ཁམས་ཤིག་བསྐྱེད་པ་དང་། བོད་མི་དག་གི“མི་རང་ག་བ”ཞིག་བྱ་འདོད་མེད་པའི་སེམས་ཁམས་འདིས་ཐད་ཀར་དུ“ཕྱི་ཚུལ་རིང་ལུགས”ཀྱི་རིག་གནས་འདི་བསྐྱེད་པ་རེད།
         ཁོ་ཚོས་ཕྱི་ཚུལ་གྱི“མཛེས་མཆོར”ཙམ་ཞིག་ལ་བརྟེན་ནས་མི་ཡི་རྩིས་ཐང་འཚོལ་དགོས་ཤིང་། རླངས་འཁོར་དང་ཁ་པར་གྱི་ཨང་གྲངས“ཁྱད་མཚར་བ”དག་ལ་བརྟེན་ནས་མི་ཡི་ངོ་སོ་སྲུང་དགོས། ཁོ་ཚོ་མི་གྲལ་དུ་ཞུགས་འདོད་པས“མི་རང་ག་བ”དག་གི་གནས་སྟངས་དང་གཏན་དུ་གྱེས་ཕྱག་ཕུལ་དགོས།
ད་ལྟ་ངས་དངོས་ནས་ཅུང་ཙམ་ཞིག་རྟོགས་ཡོང་།དེ་ནི་བོད་མི་དག་གིས་ཀྱང་མི་བུའི་རྩིས་ཐང་འདོད་ཀྱིན་ཡོད་པ་དེ་རེད།
         ཡིན་ནའང་། ཁོ་ཚོས་རང་ཉིད་སོ་སོ“མི་རང་ག་བ”ཞིག་མི་བྱ་བའི་ཐབས་ལ་མི་བརྩོན། ཡང་ན། “མི་རང་ག་བ”དག་ལ་ཇི་ལྟར་མི་བུའི་རྩིས་ཐང་སྤྲོད་པའི་ཐབས་ནི་མི་ཤེས། ཁོ་ཚོས་རང་ཉིད་སོ་སོ“མི་རང་ག་བ་མིན་པ”ཞིག་ཏུ་གྱུར་ན་སྙམ་ཞིང་། “མི་རང་ག་བ”གཞན་དག་གིས་རང་ཉིད་ལ“ཆུ་ལེན”དང“རྟ་འདོགས”བྱེད་དུ་བྱུང་ན་སྙམ་ཡོད།