བསྟན་འཛིན་ནོར་བུའི་རྩོམ་ཡིག་ཁག་ཅིག

རྩོམ་པ་པོ།:བསྟན་འཛིན་ནོར་བུ། 2012-06-01
མཚོ་སྔོན་པོ་དྲ་བ།


རུས་མིང་། བསྟན་འཛིན་ནོར་བུ།
འཛིན་གྲྭ  མཐོ་གཉིས།
ཕ་ཡུལ། རི་བོ་ཆེ་རྫོང་།

ཕ་ཡུལ་གྱི་རྣམ་པ།

         གཟིགས་དང་། གངས་ཅན་སཱ་ལའི་ལྗོངས་སུ་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་དྲོ་ཞིང་འཇམ་པའི་འོག་ཏུ་ནམ་མཁའི་ལྷ་ཡུལ་ས་གཞིར་འཕོས་འདྲའི་ཡུལ་ལྗོངས་དེ་ནི་བདག་གི་ཕ་ཡུལ་རེད། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་འབྲོག་པ་རྣམས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་སྟེང་དུ་ནམ་མཁའི་སྐར་ཚོགས་ལྷུང་བ་བཞིན་གྱི་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་འཚོ། ཁོང་རྣམས་ཀྱིས་འབྲོག་པའི་ཡོང་འབབ་ལ་བརྟེན་ནས་མ་འོངས་ཕ་ཡུལ་གསར་པ་འཛུགས་བསྐྲུན་ལ་ཤུགས་སྣོན་བྱེད་པར་བྲེལ་བཞིན་གདའ། འདི་ནི་བདག་གི་ཕ་ཡུལ་རི་བོ་ཆེ་རྫོང་ཁྲ་མོ་ལེབ་རེད།
         ཟེར་སྒྲོས་ལ་འདི་ནི་གླིང་རྗེ་གེ་སར་གྱི་བཞུགས་གནས་ཡིན་ཞེས་བཤད། ངས་བལྟས་ན་དོན་དུ་ཡང་དེ་ལྟར་རེད་འདུག།  ས་ཆ་འདི་ནི་གཡས་གངས་རི་དང་གཡོན་སྤང་རི། གནས་རི། རྫ་རི་སོགས་ཀྱིས་ཡོངས་ནས་བསྐོར། བལྟས་ན་སེངྒེའི་སོ་གནམ་ལ་བསླངས་པ་ལྟར་དུ་གནས། རི་ཡི་སྟེང་དུ་རི་དྭགས་དང།  གཅན་གཟན། བྱ་རིགས་སོགས་བག་ཕེབས་ངང་གནས། ད་དུང་ཕ་ཡུལ་གྱི་འབྲོག་པའི་ནོར་ལུག་རྣམས་ཀྱི་ཤ་ནི་རོ་བཅུད་ཁྱད་པར་ཅན་གྱི་བཟའ་ཤ་ཤ་སྟག་ཡིན། ནོར་ལུག་འཚོ་མཁན་རྫི་བོ་རྣམས་ཀྱི་སྙན་ཞིང་འཇེབས་པའི་རྫི་གླུ་སྙན་མོ་ཡིས་ཡངས་པའི་རྩྭ་ཐང་དང་། ལ་ཁུག་ལུང་ཁུག་ཀུན་ཏུ་འགེངས་པར་བྱས། ཁྱད་པར་དུ་རྫི་བོ་རྣམས་ལྷན་གཅིག་ཏུ་འཛོམས་ནས་གླིང་གེ་སར་གྱི་སྒྲུང་བཤད་རེས་དང་ལྡེའུ་རྩོད་པ་སོགས་ལ་བལྟས་ན་དགའ་སྐྱིད་ཀྱི་སྣང་བ་དབང་མེད་དུ་རྒྱས་པའི་རྣམ་པ་ཞིག་རྩྭ་ཐང་གི་ཁྱོན་ཡོངས་ལ་གདལ་འདུག
         དབྱར་རྩྭ་དགུན་འབུ་དང་གུར་བཀུམ། ཧེང་ལེན། གངས་རྒྱན་པདྨ་སོགས་ནད་རིགས་བཞི་བརྒྱ་རྩ་བཞི་དྲུངས་ནས་འཇོམས་པའི་རི་སྐྱེས་རྩྭ་སྨན་མཆོག་གིས་བདུད་རྩིའི་དྲི་ངད་ཕྱོགས་ཀུན་ཏུ་འཐུལ། ལྷག་དོན་ངའི་ཕ་ཡུལ་དུ་མཆོག་སྤྲུལ་རིག་འཛིན་རྒྱ་མཚོ་གཙོ་བྱས་པའི་སེར་སྐྱ་ཡོངས་ཀྱིས་ལས་དཀར་དགེ་བའི་ཕྱོགས་སུ་བརྩོན་ནས། སངས་རྒྱས་ཀྱི་བསྟན་པ་སྔར་ལས་དར་བའི་ཆེད་དུ་ཉིན་མཚན་དབྱེ་མེད་དུ་འབད་བཞིན་ཡོད་ལ། སློབ་ལོ་ལོན་པའི་བྱིས་པ་རྣམས་ཉིན་ལྟར་དགའ་དགའ་སྤྲོ་སྤྲོ་ངང་སློབ་གླིང་གི་རིག་པའི་དགའ་ཚལ་དུ་ཞུགས་པ་ཡིན། ཁོ་རྣམས་ཀྱི་དྭངས་ཤིང་གཙང་བའི་བྱིས་བློར་དམ་བཅའ་ཡི་རི་མོ་ཞིག་ཡོད་པ་ནི། མ་འོངས་པར་རང་གི་ཡོད་ཚད་ཕ་ཡུལ་དང་མེས་རྒྱལ་གྱི་བྱ་བཞག་སྒྲུབ་པ་ དང་ཞབས་ཞུ་མཛད་པར་ འབུལ་རྒྱུ་དེ་ལས་མ་འདས་སོ༎
         ཕ་ཡུལ་ལགས། ཁྱེད་ནི་ཉིན་རེ་ནས་ཉིན་རེ་བཞིན་ཡར་རྒྱས་སུ་འགྲོ་བཞིན་ཡོད་པ་དེ་ནི་རླབས་ཆེན་ཏང་གི་ཡང་དག་མཛད་ཕྱོགས་བཟང་པོ་དང་རྫོགས་ལྡན་གྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན། དེ་བས་ངས་འདི་ནས་མེས་རྒྱས་དང་ཕ་ཡུལ་གྱི་མངའ་ཁོངས་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྙིང་དབུས་ནས་སྨོན་འདུན་ཞུ།

གངས་ཅན་བོད་ཀྱི་རྒྱན་ཆ།

          རི་མཐོ་པོ་གནམ་གྱི་ཀ་བ་གཅིག།         གངས་དཀར་པོ་ཤེལ་གྱི་མཆོད་རྟེན་གཉིས༎
          སྤང་སྔོ་ལྗང་གཡུ་ཡི་གཞོང་པ་གསུམ༎  འདི་གསུམ་པོ་གངས་ཅན་བོད་ཀྱི་རྒྱན༎

          དཔའ་ཞུམ་དུ་མེད་པའི་སྙིང་སྟོབས་གཅིག༎    སྤ་འཁུམ་དུ་མེད་པའི་སྤོབས་པ་གཉིས༎
          སེམས་འགྱུར་བ་མེད་པའི་ལ་རྒྱ་གསུམ༎        འདི་གགསུམ་པོ་གངས་ཅན་བོད་ཀྱི་རྒྱན༎

          ཡུལ་ཕ་སྐད་གཙང་མ་སྤྱོད་པ་གཅིག།         ཤེས་རིག་པའི་གནས་ལ་འབད་པ་གཉིས༎
          གཤིས་བོད་མིའི་འདུ་ཤེས་བཟུང་པ་གསུམ༎     འདི་གསུམ་པོ་གངས་ཅན་བོད་ཀྱི་རྒྱན༎

          གངས་དཀར་པོར་སེང་གེ་འགྱིང་པ་གཅིག།   སེང་གཡུ་རལ་དགུང་དུ་གསིལ་བ་གཉིས༎
          ཞི་བདེ་བའི་ངར་སྐད་སྒྲོག་པ་གསུམ༎           འདི་གསུམ་པོ་གངས་ཅན་བོད་ཀྱི་རྒྱན༎

          ནས་སྦྲང་དཀར་རྩམ་པའི་རོ་བཅུད་གཅིག།       དམར་འབྲི་ཤ་རོ་ཡི་བྲོ་བ་གཉིས༎
          ལུག་གཡང་དཀར་བལ་གྱི་འབྱུང་ཁུངས་གསུམ༎  འདི་གསུམ་པོ་གངས་ཅན་བོད་ཀྱི་རྒྱན༎

          གནས་བསིལ་ལྡན་ཞིང་གི་རིག་གཞུང་གཅིག།   བློ་རྟོག་པ་མཐོ་བའི་དྲན་དབང་གཉིས༎
          གཞུང་ཉིང་ཁུ་བཏུང་བའི་གདུལ་བྱ་གསུམ༎      འདི་གསུམ་པོ་གངས་ཅན་བོད་ཀྱི་རྒྱན༎

བོད་མི་རིགས་ཀྱི་བླ་སྲོག

         ལ་རྒྱ་གླེང་མཁན་མང་ན་དགའ་ཡང་ལ་རྒྱ་ཁུ་ཚུར་གྱུར་དུས་ཅི་འདྲའི་སྐྱོ། རང་སྐད་རང་ཡིིག་སྦྱོང་མཁན་མང་ན་དགའ་ཡང། རྣམ་དག་མ་ལུས་འཛིན་མཁན་མེད་ན་སེམས་པ་སྐྱོ། དེ་བས་དུས་རབས་གསར་པའི་སྤྱི་ཚོགས་འདི་རུ།  བོད་མི་རིགས་ཤིག་ཡིན་ཡང་མི་རིགས་རང་གི་སྐད་དང་ཡི་གེ་སྦྱོང་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པ་འདི་ཅི་འདྲའི་བློ་སེམས་ཕང་དགོས་པ་ཞིག་མ་རེད་དམ།
         ད་སྐབས་སུ། བོད་མདོ་དབུས་ཁམས་གསུམ་གྱི་ན་གཞོན་འགའ་རེས་བོད་ཡིག་སྦྱང་ན་མདུན་ལམ་དང་སྤྱོད་སྒོ་མེད་ཅེས་བོད་ཡིག་ལ་དམའ་འབེབས་བྱས་ཏེ་བོད་ཡིག་སྦྱོང་པར་ལེ་ལོ་དང་རྣམ་གཡེང་བྱེད་བཞིན་འདུག། ད་དུང་བོད་ཡིག་སློབ་ཚན་ཚོགས་པར་སྐྱུག་བྲོ་སྐྱེས་པའི་ཁར་བོད་ཡིག་སློབ་ཚན་ལ་ཕ་རོ་དང་མ་རོ་ཟེར་ཞིང་ལག་པའི་ཁུ་ཚུར་གྱིས་ཅོག་ཙེ་བརྡུངས་པ་དང་བོད་ཡིག་དགེ་རྒན་མཐོང་དུས་ཕྱི་ནས་གུས་བཀུར་བྱས་ཀྱང་སེམས་ནང་ཁོང་ཁྲོའི་མེ་དཔུང་འབར་བཞིན་ཡོད། འདི་ནི་བོད་པ་ཚོ་ཁྲེལ་གཞུང་མེད་པའི་སྤྱོད་ལུགས་ཤིག་མིན་ན་ཅི་ཡིན།
         དེང་སྐབས་བོད་ཀྱི་ཞིང་པ་དང་འབྲོག་པ་ཁ་ཤས་ཀྱིས་ཕྲུ་གུ་སློབ་གྲྭར་མི་གཏོང་བ་དང་ཁྱིམ་གྱི་དངུལ་ལོ་ཡོད་ཚད་ཀྱིས་བུ་མོ་ལ་གཟི་དང་བྱུ་རུ།  བུ་ལ་གྲི་དང་མེ་མདའ་ཉོས་ནས་རང་གི་ཕྲུ་གུ་དུས་དང་རྣམ་པ་ཀུན་ཏུ་ནོར་ལུག་འཚོ་བར་བཅུག་ཅིང་ལོ་བཅོ་ལྔ་དང་ཉི་ཤུ་ཙམ་ལ་སླེབས་དུས་བུ་དང་བུ་མོ་གཉེན་སྒྲིག་ཏུ་འཇུག་པ། ཕ་མ་རྒད་པོར་ཆགས་དུས་ཁྱིམ་དུ་ཤེས་མེད་ནུས་མེད་ཀྱི་བུ་ཕྲུག་མང་པོས་ཁེངས་པས་ཁྱིམ་གཞིའི་འཚོ་བ་ཡང་ཧ་ཅང་ཞན་པའི་གནས་སུ་ལྷུང་འདུག།  འོན་ཀྱང།   ཕ་མ་རྣམས་ཀྱིས་རང་གི་བུ་དང་བུ་མོས་དཀར་ལས་ནག་ལས་བྱེད་ཤེས་པ་ཙམ་གྱིས་ཆོག་འདུག་སྙམ། བདག་གིས་བལྟས་ན་བསམ་པ་དེས་གངས་ཅན་བོད་ཀྱི་འཕེལ་རྒྱས་ལ་ཕན་ནུས་སྤུ་ཙམ་ཡང་འདོན་མི་ཐུབ་ཅིང་། མི་རིགས་ཀྱི་སྐད་ཡིག་དང་ཚན་རིག་གི་ཤེས་བྱ་མ་སྦྱང་ན་བོད་མི་རིགས་འདི་མི་རིང་བར་ཉམས་འགྲོ་བར་སེམས། ཀྱེ་ཀྱེ། ཞིང་འབྲོག་གི་ཕ་མ་རྣམ་པ། རང་གི་ཚུལ་ལུགས་འདི་བདེན་མདོག་མ་བྱེད།  དེ་འཆའ་དགོས་འདུག། འུ་ཚོར་དེ་འདྲ་དགོས་དོན་མེད།
         མ་འོངས་གངས་ལྗོངས་གསར་པ་ཞིག་འཛུག་བསྐྲུན་བྱ་དགོས་ན།  དུས་རབས་གསར་པའི་བོད་ཀྱི་ཕྱི་རབས་པ་དང་ཚན་རིག་གི་ཤེས་བྱ། རང་གི་སྐད་ཡིག་བཅས་ལ་བརྟེན་དགོས།  གངས་ཅན་ལྗོངས་ཀྱི་ན་གཞོན་ཕོ་མོ་རྣམ་པ།  དང་པོ་རང་གི་སྐད་ཡིག་འདི་ལ་སྦྱང་བརྩོན་ལེགས་པོ་ཞིག་བྱེད་དགོས་ཤིང།  དེ་ནས་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ནང་འདྲེན་བྱས་ཏེ་བོད་ཡིག་འདི་ཆ་ཇེ་ཚང་དུ་གཏོང་དགོས། འུ་ཚོ་ནི་བོད་མི་རིགས་ཡིན་པས་རྒྱུན་དུ་བོད་སྐད་གཙང་མ་ཞིག་བཤད་དགོས་ཤིང་མི་རིགས་རང་གི་ཁྱད་ཆོས་དང་མཐུན་པའི་རིག་གནས་འདི་དཔྱིས་ཕྱིན་པ་ཞིག་ཀྱང་སྦྱོང་དགོས། དེ་ལྟ་མ་བྱས་ན་ང་ཚོ་དང་ང་ཚོའི་ཕྱི་རབས་རྣམས་ཀྱིས་མི་རིགས་རང་གི་ལོ་རྒྱུས་མི་ཤེས་ཤིང་སྐད་ཡིག་ཀྱང་མི་ཤེས་པའི་གནས་སུ་ལྷུང་ངེས་ཡིན།  དེ་དང་ཆབས་ཅིག་ཏུ་བོད་མི་རིགས་འདི་ཉམས་མེད་དུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ།  དེར་བརྟེན་བོད་གངས་ཅན་ལྗོངས་འདི་མི་རིགས་གཞན་ལྟར་འཕེལ་རྒྱས་སུ་འགྲོ་དགོས་ན།  རང་གི་སྐད་དང་ཡིག་གེ་ནི་མེད་དུ་མི་རུང་བ་ཞིག་དང་བོད་སྐད་དང་བོད་ཡིག་མེད་ན་བོད་ཀྱི་ཕུགས་འདུན་མེད་པ་ནི་ཆོས་ཉིད་ཅིག་ཡིན་པར་རྟོགས་དགོས།
         སྐད་དང་ཡི་གེ་གཉིས་ནི་མི་རིགས་ཆེན་མོ་འདི་ཡི་སྲོག་རྩ་ཡིན་ཞིང་སྐད་དང་ཡི་གེ་གཉིས་ནི་མི་རིགས་ཆེན་མོ་འདི་ཡི་མུན་སེལ་སྒྲོན་མེ་ལྟ་བུ་རེད།  ཕ་སྐད་གཙང
་མ་ཞིག་བཤད་རྒྱུ་དང་མེས་པོ་རྣམས་ཀྱིས་བཞག་པའི་རིག་པའི་མཛད་རྗེས་ལ་འབད་བརྩོན་བྱེད་རྒྱུ་ནི་ང་ཚོའི་གཡོལ་དུ་མེད་པའི་འགན་ཁྲི་ཞིག་ཡིན་པ་ནི་བཤད་མི་དགོས་སོ༎


ཡིད་འཕྲོག་མ།

          རྒྱ་སེར་མེ་ཏོག་དམར་པོ༎
          ལང་ཚོའི་འདབ་མ་རྒྱས་དུས༎
          དྲི་ཞིམ་རླུང་ལ་མ་བསྐུར༎
          རྐང་དྲུག་སེམས་པ་སྐྱོ་འགྲོ༎

          བུ་མོ་ཟླ་བ་ལྷ་མོ༎
          རི་ཡི་ཕག་ཏུ་མ་འགྲོ༎
          ལང་ཚོ་རླུང་གིས་འཁྱེར་ན༎
          བུ་ངའི་སེམས་པ་སྐྱོ་འགྲོ༎

          བུ་མོ་ཁྱོད་ཀྱི་འཛུམ་ཆུང༎
          ཚེས་བཟང་བཅོ་ལྔའི་ཟླ་བ༎
          ཉིན་མཚན་དབྱེ་མེད་ཤར་ན༎
          བུ་ངའི་སེམས་ངལ་སེལ་ཐུབ༎

          ཁྱོད་གདོང་པད་མའི་མེ་ཏོག༎
          ལྡེམ་ལྡེམ་གར་དུ་བསྐྱོད་ཚེ༎
          སྦྲང་མ་གཉིད་དུ་ཡུར་ཡང༎
          ངའི་སེམས་སྐྱིད་ལ་བབས་བྱུང༎

          གངས་ཀྱི་རི་བོའི་རྩེ་ནས༎
          དཀར་གསལ་དུང་ཟླ་ཤར་སོང༎
          བུ་མོ་ཁྱོད་ཀྱི་ཞལ་གདོང་༎
          ཡིད་ལ་ཝ་ལེར་གསལ་བྱུང༎

          ཤོག་དཀར་སྟེང་གི་ཡིག་ཆུང་༎
          ཆུ་དང་ལོ་ཟླས་ཕྱིས་སོང་༎
          བརྩེ་བའི་སེམས་ཀྱི་རི་མོ༎
          བསུབ་པའི་ཐབས་ནི་མི་འདུག།

          བདག་སེམས་ཁྱོད་ལ་ཤོར་བས༎
          མཚན་མོའི་གཉིད་སྐལ་བཅག་སོང་༎
          ཉིན་མོར་ཡང་དུ་མཇལ་དུས༎
          སྙིང་གཏམ་བཤད་པར་དཀའ་སོང་༎

གཙོ་ངོས།ཤོག་ངོས་གོང་མ།12ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།