བདེ་ཆེན་དབང་མོའི་ལྷུག་རྩོམ།

རྩོམ་པ་པོ།:བདེ་ཆེན་དབང་མོ། 2012-06-01
མཚོ་སྔོན་པོ་དྲ་བ།


རུས་མིང་། བདེ་ཆེན་དབང་མོ།
འཛིན་གྲྭ   མཐོ་གསུམ།
ཕ་ཡུལ། སྨར་ཁམས་རྫོང་།

རང་ཉིད་ནས་འགོ་བརྩམས་ཏེ་འཐེན་རྫས་ཉུང་བའི་འཚོ་བ་ཞིག་བསྐྲུན་དགོས།

         སྤྱིར་འཐེན་རྫས་ཉུང་བའི་འཚོ་བ་ཞེས་པ་ནི་སྐྱེ་བོ་ཕལ་མོ་ཆེར་རྒྱུས་མངའ་མེད་པའི་ཐ་སྙད་གསར་བ་ཞིག་རེད།  ཁོ་མོས་ཀྱང་དེ་སྔ་དེ་ནི་ཅི་ཞིག་ལ་གོ་དགོས་པར་མི་ཤེས་མོད། དགེ་རྒན་གྱི་བཀའ་སློབ་དང་དྲ་ཐོག་ནས་འབྲེལ་ཡོད་རྒྱུ་ཆ་འགའ་ཤས་ལ་བལྟས་པར་བརྒྱུད་དེ་ལ་འོས་འཚམ་གྱི་གོ་བ་ཞིག་ལེན་ཐུབ་པ་བྱུང། དེ་བས་ངས་འཐེན་རྫས་ཉུང་བའི་འཚོ་བ་ཞེས་པ་ནི་ཁོར་ཡུག་སྲུང་སྐྱོབ་དང། སྐྱེ་ཁམས་དོ་མཉམ། རང་བྱུང་གཏེར་ཐོན་གྲོན་ཆུང་བྱེད་པའི་ལྗང་མདོག་གི་འཚོ་བ་ཞིག་ཏུ་འདོད་པ་ཡིན། དེ་ནི་ནུས་སྲིར་གྲོན་ཆུང་དང་སྙིགས་འཕུད་ཉུང་ལ་ཁོར་ཡུག་བདེ་ཐང་ཅན་ལ་འདོད་པའི་ཚན་རིག་དང་མཐུན་པའི་འཚོ་བ་ཞིག་དང་དེང་རབས་སྤྱི་ཚོགས་ཀྱི་འཚོ་བའི་ཀུན་སྲོལ་གསར་བ་ཞིག་ཀྱང་རེད།
         གོང་དུ་འཆད་བཞིན་པའི་ལྗང་མདོག་གི་འཚོ་བ་ནི་འཛམ་གླིང་སྤྱི་མི་ཀུན་གྱི་འཚོ་བར་ཁ་ཐེག་ཡོད་པའི་འཚོ་བའི་ལུགས་གསར་བ་ཞིག་ཡིན་པས། ངེས་པར་གོ་ལ་ཟླུམ་པོར་འཚོ་བའི་སྐྱེ་བོ་ཀུན་ལ་ཁྱབ་བསྒྲགས་དང་རྒྱུད་བསྐུལ་བྱེད་དགོས་པའི་དོན་དག་འགངས་ཆེན་ཞིག་རེད་ལ་མི་སོ་སོས་རང་ཉིད་ནས་འགོ་བརྩམས་ཏེ་བསྒྲུབ་རྒྱུ་ཞིག་ཀྱང་རེད། དེར་སྐྱེ་བོ་ཁ་ཤས་ཀྱིས་འདི་འདྲའི་ཆེ་བའི་གོ་ལ་ཟླུམ་པོར་ང་ལྟ་བུ་ཆེས་ཉམས་ཆུང་བ་ཞིག་གིས་རང་ཉིད་ནས་འགོ་བརྩམས་ཏེ་བཅོས་བསྒྱུར་དང་ལེགས་བཅོས་བྱ་རྒྱུ་ནི་དགོད་བྲོ་བ་ཞིག་དང་མི་ཐུབ་པའི་བསམ་པ་འཛིན་གྱིན་འདུག། ཁོ་མོས་བལྟས་ན་ལྟ་བ་དེ་ནི་ཆེས་ནོར་འཁྲུལ་གྱི་ལྟ་བ་ཞིག་རེད། དེ་ནི་ང་ཚོའི་དོན་དངོས་འཚོ་བའི་ཁོར་ཡུག་ཀུན་ཏུ་རྒྱུན་ལྡན་དུ་ཡོད་པས་ཤིན་ཏུ་བསྒྲུབ་སླ་བར་བསམ། དཔེར་ན་འུ་ཚོ་བོད་ལྗོངས་ལ་མཚོན་ན་སོ་སོས་རང་གི་ཟ་བཅའ་གཡོས་སྦྱོར་གྱི་དོན་དུ་ཚང་ཚིང་གི་ནགས་ཤིང་ཚད་མེད་བཅད་དེ་མེ་འབུད་བཞིན་ཡོད། དེས་གཅིག་ཏུ་ཤིང་ནགས་ཐོན་ཁུངས་ལ་སྨས་སྐྱོན་བཟོས་པ་དང་གཉིས་སུ་ཁོར་ཡུག་ལ་འཕུང་གཏོར་བྱེད་བཞིན་ཡོད། དེ་ལས་འཐེན་རྫས་ཉུང་བའི་འཚོ་བ་ཞིག་བསྐྲུན་བསམ་ན། ཐབས་ཤེས་ཡོད་དེ། འུ་ཚོས་རྫབ་རླངས་ཀྱིས་གཡོས་སྦྱོར་ལས་ལ་མཐུན་རྐྱེན་བཞག་ན་ཅི་མི་ཆོག། རྫབ་རླངས་ཀྱིས་མཁའ་དབུགས་ལ་གནོད་སྐྱོན་མི་ཕོག་ཅིང་ད་དུང་རྫབ་སྙིགས་ནི་སོ་ནམ་ཞིང་ལས་ལ་མེད་དུ་མི་རུང་བའི་རྫས་ཤིག་ཡིན་པས་ཕྱིར་གཞན་ལྟར་སྙིགས་ལུད་ཀྱིས་ཁོར་ཡུག་ལ་གཏོར་སྐྱོན་མི་འབྱུང་བ་དང་སྐྱེ་དངོས་ཐོན་རྫས་ཀྱང་གྲོན་ཆུང་བྱས་ཐུབ།
         ད་དུང་ཆེས་མང་བ་ཡོད་དེ། དཔེར་ན་ཁྲོམ་དུ་སྔོ་ཚལ་ཉོ་བར་སོང་ཚེ། རང་ཁྱིམ་ནས་ཚལ་སྣོད་དང་དྲ་སྒྱེའུ་འཁྱེར་ཏེ་ཚོང་ཁང་གིས་སྤྲད་པའི་འགྱིག་ཤོག་སོགས་མི་དགོས་པར་བཟོ་ན། དུས་རྒྱུན་འཚོ་བའི་ཁོར་ཡུག་སྣུམ་པོར་དྲི་མ་འགོས་པའི་དཀར་པོའི་གད་སྙིགས་རྣམས་རེ་ཞིག་དོར་ཐུབ་པར་འགྱུར། དེ་ཡང་འུ་ཚོས་རང་ཉིད་ནས་འགོ་རྩོམ་སྟེ་འཐེན་རྫས་ཉུང་བའི་འཚོ་བ་དང་ཁོར་ཡུག་བསྐྲུན་པའི་བྱ་ལས་སུ་བརྩིས་ཆོག། ངོ་མ་འཐེན་རྫས་ཉུང་བའི་འཚོ་བ་ནི་ང་ཚོའི་ལུས་འགྲམ་དུ་ཡོད་པ་ཞིག་རེད་ཨང་།
         དེ་བཞིན་ང་ཚོ་ན་གཞོན་སློབ་མ་ཚོས་ཀྱང་སློབ་སྦྱོང་གི་འཚོ་བའི་ཁྲོད་དུའང་འཐེན་རྫས་ཉུང་བའི་འཚོ་བ་ཞིག་ལ་བརྩོན་ལེན་བྱེད་རྒྱུ་འདུག སྔོན་ཆད་ཕྱེད་ཙམ་འབྲི་ཚར་བའི་འབྲི་དེབ་རྣམས་ཀྱི་སྲིབ་ངོས་སུ་ཡང་བསྐྱར་འབྲི་སྦྱོང་བྱེད་ཆོག་པ་དང། ཚང་མ་འབྲི་ཚར་བའི་ལས་གཉེར་འབྲི་དེབ་དང་དཔེ་ཆ་རྣམས་གང་སར་མི་འཕེན་ནས་གསོག་འཇོག་བྱས་ཏེ་བསྐྱར་སྦྱོང་གི་མ་དཔེ་བྱེད་ཆོག་འདུག གལ་ཏེ་སྐྱེ་བོ་ཀུན་ལ་འདི་ལྟའི་ཚུལ་ལུགས་ཤིག་ཡོངས་ཁྱབ་ཏུ་བྱུང་ན། འཐེན་རྫས་ཉུང་བའི་འཚོ་བ་ཞིག་བསྐྲུན་རྒྱུའི་འདུ་ཤེས་ཆགས་ཡོད་པའི་སྣང་བརྙན་ཡིན།
         དེང་འདིར་འཛམ་གླིང་གི་ཁོར་ཡུག་བཙོག་པར་བྲི་བའི་གནས་བབས་འོག་ཏུ་
མཐོ་འབྲིང་སློབ་མ་ཞིག་གི་ངོས་ན་བརྗོད་ན། ང་ཚོ་ཐུན་མོང་གི་འཚོ་གནས་བྱེད་སའི་གོ་ལ་འདིར་ཅ་འབྱིད་དང་སྲུང་སྐྱོབ་བྱེད་པའི་ཆེད་དུ།  རང་ཉིད་ནས་འགོ་རྩོམ་ཞིང་གཡས་གཡོན་གྱི་བྱ་བ་ཙག་ཙིག་ནས་འགོ་རྩོམ་པའི་ཁོར་ཡུག་སྲུང་སྐྱོབ་པ་ཆུང་ཆུང་ཞིག་བྱེད་དེ་རང་ཉིད་ཀྱི་ཉ་ཕྲ་བའི་ནུས་ཤུགས་ཡོད་རྒུ་འབུལ་བར་བྱའོ༎