བསྟན་འཛིན་འཕྲིན་ལས་སྙན་རྩོམ་ཁག་གཉིས།

རྩོམ་པ་པོ།:བསྟན་འཛིན་འཕྲིན་ལས། 2012-06-01
མཚོ་སྔོན་པོ་དྲ་བ།




རུས་མིང་། བསྟན་འཛིན་འཕྲིན་ལས།
འཛིན་གྲྭ  མཐོ་གཅིག
ཡུལ། སྨར་ཁམས་རྫོང་།

སྐྱིད་སྡུག

      ཤེས་བྱ་རིག་གནས་འཕེལ་བའི་ཞིང་ཁམས་འདི༎
      རང་རེས་བདག་གཅེས་མ་བྱེད་སྐྱོ་བ་ལགས༎
      མཁས་ཆེན་མང་པོ་འཁྲུངས་པའི་ས་ཆ་འདི༎
      བོད་པའི་ཕ་ས་ཡིན་པ་སྐྱིད་པ་ལགས༎
      ཚང་མ་མཐུན་སྒྲིལ་བྱེད་པའི་རྒྱལ་ཁམས་ལ༎
      རང་རེར་མཐུན་སྒྲིལ་མེད་འདི་སྡུག་བ་ལགས༎
      མི་ཆོས་གཙང་མ་བཅུ་དྲུག་མེས་པོའི་མཛད༎
      གངས་ཅན་བོད་དུ་དར་བས་སྐྱིད་པ་ལགས༎
      སངས་རྒྱས་བསྟན་པ་དར་བའི་ཁ་བའི་ལྗོངས༎
      བྱམས་དང་སྙིང་རྗེ་མེད་འདི་སྡུག་པ་ལགས༎
      ཆོས་ལྡན་སྤྱན་རས་གཟིགས་ཀྱི་ཞིང་ཁམས་འདི༎
      རང་རེའི་ཕ་ས་ཡིན་འདི་སྐྱིད་པ་ལགས༎
      སྐད་རིགས་སྣ་མང་དར་བའི་ཕ་ས་ལ༎
      སྦྱང་བའི་གོ་སྐབས་ཐོབ་འདི་སྐྱིད་པ་ལགས༎
      ག་ས་གང་དུ་ཡོད་པའི་བོད་པ་ཚོས༎
      ཕ་སྐད་གཙང་མ་མི་བཤད་སྐྱོ་བ་ལགས༎
      འཕེལ་རྒྱས་རྟ་ལ་བཞོན་དུས་སྐྱིད་པ་ལ༎
      མི་རིགས་འདུ་ཤེས་མེད་འདི་སྐྱོ་བ་ལགས༎

བྱང་འབུམ་མཚོ།

      ས་སྨར་ཁམས་སྒང་གི་བྱང་ཕྱོགས་ན༎
      གནས་མཚོ་མོ་འཁྱིལ་བའི་གནས་ཀྱི་མཆོག།
      འདི་བདག་ལ་འོས་པའི་ཕ་ཡུལ་ཡིན༎
      བྱང་ཨ་མ་འབུམ་མཚོ་འདི་ན་ཆགས༎
      བྱང་འབུམ་མཚོ་ཕྱོགས་བཞི་གངས་རིས་བསྐོར༎
      མཚོ་འདི་རུ་བྱ་རིགས་སྣ་ཚོགས་ཡོད༎
      བྱ་འདི་ཚོའི་ཕ་ས་འདི་ན་ཡིན༎
      བྱང་འབུམ་མཚོ་བདག་གི་བླ་མཚོ་ཡིན༎
      མཚོ་དབུས་ན་གླིང་ཕྲན་ཆེ་ཆུང་གཉིས༎
      འདི་འབུམ་མཚོ་ཨ་མའི་ནོར་བུ་ཡིན༎
      མཚོ་ངོགས་ན་ཕྱུགས་རིགས་སྣ་ཚོགས་རྒྱུ༎
      ཕྱུགས་འདི་དག་རྩྭ་ཆུ་ལོངས་སུ་སྤྱོད༎
      ཡུལ་འདི་ལ་གནས་པའི་སྐྱེ་བོ་རྣམས༎
      དུས་ནམ་ཡང་བློ་སེམས་བརྟན་པོ་གྱིས༎
      བྱང་འབུམ་མཚོ་ཨ་མ་བརྩེ་བས་བསྒྲོན༎
      ཨ་ལ་ལ་འདི་འདྲིའི་དགའ་ཞིང་སྐྱིད༎