གནམ་གང་ཚེ་རིང་གི་རྩོམ་ཡིག་ཁག་ཅིག


རུས་མིང་། གནམ་གང་ཚེ་རིང་།
འཛིན་གྲྭ། མཐོ་གཉིས།
ཕ་ཡུལ། དཔའ་ཤོད་རྫོང་།

སྐད་ཡིག་གི་ཆེ་བ་བརྗོད་པ་སྙིང་གཏམ་ཚིག་གི་སྐུལ་མ།

   གསོན་དང་། ཞང་སྟོན་བསྟན་པ་རྒྱ་མཚོ་ཡིས། 
   ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་། མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། 
   སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། བོད་ཀྱི་སྐད་ཡིག་ལ་ལྷོད་མེད་ཀྱི་བརྩོན་པ་བྱེད་རྒྱུ་ནི་ཁ་བའི་ལྗོངས་སུ་འཚོ་གནས་བྱེད་བཞིན་པའི་བོད་མི་སྤྱི་དང་བྱེ་བྲག་ཀུན་ལ་མེད་དུ་མི་རུང་བའི་སྙིང་རུས་ཤིག་ཡིན་པར་ཤེས་དགོས། 
   དེར་བརྟེན། ང་ཚོས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ཏེ་རང་རེའི་སྐད་ཡིག་ལ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་རྒྱུ་ནི་དུས་རབས་ཉེར་གཅིག་པའི་བོད་ཀྱི་གཞོན་ནུ་རྣམས་ཀྱི་ཕྲག་སྟེང་དུ་བབ་པའི་འོས་འགན་ཞིག་རེད། དེ་བས་ང་ཚོས་སྐད་ཡིག་དང་མི་རིགས་གཉིས་ནི་ཉ་ཆུ་ལྟ་བུའི་འབྲེལ་བ་ཟབ་མོ་ཞིག་ཡོད་པ་རྟོགས་རྗེས་སྐད་ཡིག་གི་སྦྲང་རྩིའི་ཉིང་བཅུད་མ་ལུས་ཉམས་སུ་བླངས་དགོས་འདུག
   ཀྱེ་མ། འཇིག་རྟེན་ཁམས་འདིར་རྡུལ་རླུང་དྲག་པོ་ཞིག་འཚུབ་པ་བཞིན་དེང་གི་སྐྱེ་བོ་ཁ་ཤས་ཀྱིས“ལྷ་རང་ལ་ཡོད་བཞིན་ཕྱག་གཞན་ལ་འཚལ”ཅེས་པའི་དཔེ་ལྟར་རང་མི་རིགས་ཀྱི་སྐད་དང་ཡི་གེ། དེ་བཞིན་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་བྱེད་རྒྱུ་ལྟ་ཞོག་གཞན་ཟེར་ཁོ་ནའི་རྗེས་སུ་བསྙེགས་ནས་རང་གི་ཕ་སྐད་ལ་ངོ་རྒོལ་དང་དམའ་འབེབས་བྱེད་ཅི་ཐུབ་བྱེད་བཞིན་འདུག 
   དེ་ལ་བདག་གིས་མགྲིན་པ་གཟེངས་སུ་བཏེགས་ཏེ“ལྟོ་ནང་ལ་ཟ། སྒོ་ང་ཕྱི་ལ་བཏང”བའི་བྱ་དང་མཚུངས་འདུག་ཅེས་སྨྲ་བར་ནུས། རང་གི་སྐད་ཡིག་གཙིགས་སུ་མི་འཛིན་པའི་ལྟ་བ་དེས། རང་མི་རིགས་ཀྱི་དཔལ་འབྱོར་དང་རང་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་འཕེལ་ཁ་ཞིག་འདྲེན་རྒྱུ་ཕར་ཞོག་ཐ་ན་མི་རིགས་འདི་ཡང་ཁ་ཐོར་དང་ཉམས་པའི་གཡང་དུ་སྤྱུག་མཁན་ཞིག་ཡིན་པར་འདོད་བཞིན་ཡོད།
   མི་རིགས་གང་ཞིག་ཡིན་ཡང་རང་གི་སྐད་དང་ཡིག་གེ་དར་བ་ནི་མི་རིགས་དེ་ཡུན་རིང་འཚོ་གནས་ཐུབ་པའི་རྟགས་ཤིག་ཡིན་ལ་དེ་ཉམས་དམས་སུ་སོང་བ་ནི་མི་རིགས་དེ་འཇིག་པའི་ཉེན་བརྡ་ཡང་ཡིན། གལ་ཏེ་འཛམ་གླིང་འདིར་སྐད་དང་ཡི་གེ་མེད་པའི་མི་རིགས་དེས་རང་གི་ལོ་རྒྱུས་དང་མ་འོངས་པའི་ལམ་ཡང་བསྟན་པ་ནི་རི་བོང་གི་རྭ་ཡི་དཔེ་ལྟར་རེད།
   རང་ཅག་ཐུན་མོང་གིས་འཚོ་གནས་བྱེད་སའི་ས་སྒང་ཧྲིལ་པོ་འདི་ན། རང་གི་སྐད་དང་ཡི་གེ་ཡོད་པས། ད་གཟོད་གཅིག་གྱུར་གྱི་མི་རིགས་ཤིག་ཆགས་ཡོད། རང་མགོ་རང་ཐོན་བྱེད་པར་ཆོག་པའི་སྐད་ཡིག་དེ་གཞན་ལ་ངོམ་ཆོག་ཅིང་། ར་མ་ལུག་སྐད་བཤད་པ་འདི་ནི་ངོ་ཚ་འབའ་ཞིག་ཡིན། བུ་ཆུང་བདག་གིས་བསམ་ན་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་ཆོད་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་གནད་འགག་ཅིག་རེད།
   ཆོལ་གསུམ་གངས་རིའི་སྤུན་གྲོགས་ཚོ། འུ་ཚོས་རང་གི་ཕ་སྐད་དེ་མ་ལུས་རྒྱུད་འཛིན་བྱེད་ཐོག་མི་རིགས་གཞན་གྱི་ལེགས་ཆ་མཐའ་དག་ནང་འདྲེན་བྱས་ཏེ་རང་གི་སྐད་ཡིག་འདི་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་འདི་ཤིན་ཏུ་གལ་ཆེ།  མཇུག་ཏུ་བདག་གིས་གངས་ཅན་བོད་ཀྱི་སྐད་ཡིག་འདི་ཉིད་དུས་བཞིར་མི་འགྱུར་ལྷ་ཤིང་ཤུག་པ་བཞིན་དུ་འཕེལ་བར་སྨོན།།
 

གངས་ལྗོངས་ཀྱི་གླུ་བ། མཐོ་སྒང་གི་ལྷ་བྱ།

མཐོ་སྒང་གི་ལྷགས་རླུང་ཁྲོད་ནས།
ལང་ཚོའི་ཁོ་ལག་རྒྱས།
ཁྱེད་རྣམས་ནི་གངས་ལྗོངས་ཀྱི་གླུ་བ་ཡིན་པ་དང་།
དུས་རབས་ཀྱི་ཕོ་ཉ་ཡང་རེད།
སྙན་འཇེབས་དབྱངས་ཀྱི་འགྱུར་ཁུག་ཁྲོད་ནས།
ལ་རྒྱ་ཡི་མཚོ་མོ་དགུང་དུ་འཕྱོ།
གླུ་བ་ལགས། ཁྱེད་རྣམས་ནི་མཐོ་སྒང་གི་ལྷ་བྱ་རེད།
ཁྱེད་རྣམས་ཀྱིས་རྫོགས་པ་མེད་པའི་གླུ་དབྱངས་དང་།
ཉམས་པ་མེད་པའི་སྟོབས་ཤུགས་ཀྱིས།
འདས་ཟིན་པའི་ལོ་ཟླ་ལ་ཕྱི་མིག་བལྟས་ཤིང་།
མ་འོངས་གངས་ལྗོངས་ཀྱི་མདུན་ལམ་འཚོལ་འདུག
ད་དུང་།  ཁྱེད་རྣམས་ཀྱིས།
ཁ་བའི་ལྗོངས་ཀྱི་བདེ་སྡུག་བསམ་བཞིན།
སྤྱི་ཚོགས་ཀྱི་འགྲན་རྩོད་ལ་གཟིགས་ཏེ།
ལེ་ལོ་རྒྱབ་བསྐྱུར་གྱི་རྣམ་པ་བཟུང་ནས།
གངས་ལྗོངས་ཀྱི་སློབ་གསོ་ལ་སྐུལ་མ་བྱེད།
གླུ་བ་ལགས།
སྙན་པའི་གླུ་དང་།
འཕྱོར་བའི་ཉམས་ཀྱིས།
བརྩོན་འགྲུས་ཀྱི་རྟ་ཕོ་མདུན་དུ་སྐུལ་ཞིང་།
གཞན་ཕན་གྱི་ལྷག་བསམ་དྲག་ཏུ་ཁོལ།
ཕ་སྐད་གཙང་མའི་གླུ་སྐད་གླུ་དབྱངས་རེ་རེས།
མི་རིགས་ཀྱི་ལས་དབང་མཚོན་པར་བྱས།
ད་དུང་། མུ་མཐའ་བྲལ་བའི་རྩ་ཐང་དང་།
རྟག་ཏུ་བརྟན་པའི་རི་བོའི་རྩེ་མོ་རུ།
ཁྱེད་རྣམས་ཀྱིས།
མེས་པོའི་ཤུལ་བཞག་གཞན་ལ་ངོམ་ཞིང་།
རིག་པའི་བདེན་དོན་དབྱངས་སུ་དྲངས།
ཀྱེ་ཀྱེ། ལྷ་བྱ་ཁུ་བྱུག་ལགས།
གངས་ཅན་གྱི་གླུ་བ་རྣམ་པ།
ཁྱེད་རྣམས་ཀྱི་མཛད་འཕྲིན་གོང་དུ་འཕེལ་བའི་སྨོན་འདུན་ཞུའོ༎

སློབ་གྲྭའི་བུ་མོ་རེ་འགའ།

སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་ཡར་ངོའི་ཟླ་བཞིན་འཕེལ།
མི་རིགས་ཀྱི་བསམ་བློ་དང་སེམས་ཁམས་ལའང་འགྱུར་བ་འགྲོ་དང་འགྲོ་བཞིན་འདུག
དེང་སང་གི་སློབ་གྲྭའི་བུ་མོ་རེ་འགའ་ཡང་།
དྲིན་ཆེན་ཕ་མའི་ཁ་ཏ།
དགེ་རྒན་བཟང་པོའི་བཀའ་སློབ་ལས།
རང་ཉིད་ནི།
མེས་རྒྱལ་གྱི་བདག་པོ།
མི་རིགས་ཀྱི་རྒྱུད་འཛིན།
ཕ་ཡུལ་གྱི་རེ་བ།
ཡོད་ཚད་ཀྱི་ཡོད་ཚད་ཤེས་མོད་ཀྱང་།
དེ་དག་རྣ་རྒྱབ་རླུང་ལ་བསྐུར་ནས།
མུན་པའི་ཡོལ་བས་ས་གཞི་སྒྲིབ་དུས།
རྐང་འཇབ་ལག་འཇབ་ཀྱིས།
གཟར་ཞིང་མཐོ་བའི་སློབ་རའི་གྱང་ལ་འགོས་ནས།
སློབ་བྱོལ་དུ་སོང་ནས་འཁྲུག་ཆ་དོད་པོའི་ནང་མ་དང་ཆང་ཁང་ནང་།
རྒྱུས་མེད་འཁྱམས་པོ་འགའ་དང་ལྷན་དུ།
དུ་ཆང་གི་དགའ་སྟོན་ལ་རོལ།
ད་དུང་འདོད་ཆགས་ཀྱི་སྤུ་ལོང་རབ་ཏུ་གཡོས།
ཁ་སྦྱོར་ལུས་འཁྱུད་ཀྱིས།
གནས་སྐབས་ཀྱི་བདེ་བ་དང་དུ་བླངས།
སློབ་གྲོགས་ལགས།
ང་ཚོར་དགོས་པ་ནི་ཤེས་རིག་གི་དྲག་ཆས་ཡིན་པ་ལས།
མཛེས་སྡུག་གི་འཕྱོར་བ་མིན།
ང་ཚོར་དགོས་པ་ནི་རྒྱང་རིང་གི་ཕུགས་བསམ་ཡིན་པ་ལས།
མིག་མདུན་གྱི་བདེ་བ་ག་ལ་ཡིན།
དུས་ཚོད་ནི་དྲག་དུ་རྒྱུག་པའི་ཆུ་བོ་ཡིན་པ་ཤེས་དགོས།
དེ་བས།
ལང་ཚོའི་དུས་སྐབས་འདིར།
སྲབ་ལས་ཤོར་བའི་རྟ་ཕོ་བཞིན།
ཤེས་རིག་གི་ཐང་ཆེན་དུ།
བརྩོན་འགྲུས་བང་གིས་མཆོངས་དང་།
སློབ་གྲོགས་ལགས༎

དགའ་སྐྱོ་སེམས་ཀྱི་རི་མོ།

ཉི་མའི་འོད་ཟེར་འཕྲོ་དུས་དགའ་བ་ལ༎
ས་གཞི་མུན་པས་སྒྲིབ་དུས་སྐྱོ་བ་ལ༎
མི་ལུས་རིན་ཆེན་ཐོབ་པར་དགའ་བ་ལ༎
མི་ཚེ་སྟོང་ཟད་གཏོང་དུས་སྐྱོ་བ་ལ༎
མ་གཅིག་བུ་ཕྲུག་ཡིན་པར་དགའ་བ་ལ༎
སྤུན་ཟླར་མཐུན་སྒྲིལ་མེད་དུས་སྐྱོ་བ་ལ༎
སྐད་རིགས་མང་པོ་ཤེས་ན་དགའ་བ་ལ༎
རང་གི་ཕ་སྐད་བརྗེད་དུས་སྐྱོ་བ་ལ༎
གངས་ལྗོངས་བུ་ཕྲུག་ཡིན་པར་དགའ་བ་ལ༎
བོད་པའི་འདུ་ཤེས་མེད་དུས་སྐྱོ་བ་ལ༎
ཐ་མག་ཁ་རུ་འཐེན་དུས་དགའ་བ་ལ༎
གློ་བ་ནག་པོར་ཆགས་དུས་སྐྱོ་བ་ལ༎
ཆང་འཐུང་འཆལ་གཏམ་བཤད་དུས་དགའ་བ་ལ༎
ཁ་ཁྲག་སྣ་ལུད་འགྱེལ་དུས་སྐྱོ་བ་ལ༎
དེང་གི་འཚོ་བ་སྐྱིད་འདི་དགའ་བ་ལ༎
འཚོ་བའི་བྲན་དུ་གྱུར་དུས་སྐྱོ་བ་ལ༎
མཛའ་མཐུན་སྙིང་གྲོགས་བྱེད་དུས་དགའ་བ་ལ༎
ཉིན་ཞིག་བྲལ་དགོས་བྱུང་ཚེ་སྐྱོ་བ་ལ༎
ཕྱི་ཡི་རྣམ་པ་མཛེས་པར་དགའ་བ་ལ༎
ནང་དུ་ཡོན་ཏན་མེད་དུས་སྐྱོ་བ་ལ༎
གངས་ལྗོངས་གསར་པར་འགྱུར་དུས་དགའ་བ་ལ༎
ས་རྩོད་ཆུ་རྩོད་བྱེད་དུས་སྐྱོ་བ་ལ༎
འགྱིང་ཉམས་དཔོན་པོ་ཡིན་པ་དགའ་བ་ལ༎
སྤྱི་འབངས་བྱམས་ཀྱིས་མི་སྐྱོང་སྐྱོ་བ་ལ༎
སེར་པོ་གྲྭ་བ་བྱེད་དུས་དགའ་བ་ལ༎
སྡོམ་པ་ཚུལ་ཁྲིམས་མི་སྲུང་སྐྱོ་བ་ལ༎
ཚོང་པར་སྒོར་མོ་བྱུང་དུས་དགའ་བ་ལ༎
ལས་དང་རྒྱུ་འབྲས་མེད་དུས་སྐྱོ་བ་ལ༎
རིག་གནས་སློབ་རྒྱུ་བྱུང་དུས་དགའ་བ་ལ༎
དུས་ཚོད་ཆུད་ཟོས་གཏོང་ན་སྐྱོ་བ་ལ༎
སློབ་མ་འདྲ་མཉམ་ཡིན་པར་དགའ་བ་ལ༎
སྦྱངས་འབྲས་ཁྱད་པར་བྱུང་དུས་སྐྱོ་བ་ལ༎
ཁ་རུ་མ་ཎི་བགྲང་དུས་དགའ་བ་ལ༎
སེམས་པས་སྡིག་ལས་གཉེར་དུས་སྐྱོ་བ་ལ༎
ཁ་བཤད་འཇམ་པོ་ཡིན་དུས་དགའ་བ་ལ༎
བསམ་པ་རྩུབ་པོར་སྦྱར་ཚེ་སྐྱོ་བ་ལ༎
ཁམས་པའི་བུ་རྒྱུད་ཡིན་པས་དགའ་བ་ལ༎
རང་དགོས་ཤེས་བྱ་མི་སྦྱང་སྐྱོ་བ་ལ༎
དུས་རབས་ཉེར་གཅིག་འཆར་དུས་དགའ་བ་ལ༎
སྔོན་ཐོན་བསམ་བློ་མེད་དུས་སྐྱོ་བ་ལ༎