བློ་བཟང་ཉི་མའི་རྩོམ་ཡིག་ཁག་ཅིག

རྩོམ་པ་པོ།:བློ་བཟང་ཉི་མ། 2012-06-01
མཚོ་སྔོན་པོ་དྲ་བ།



རུས་མིང་།  བློ་བཟང་ཉི་མ། 
འཛིན་གྲྭ   མཐོ་གཅིག

གངས་ཅན་ལྗོངས་ཀྱི་ཕ་སྐད་ཀྱི་གླུ་མ་གྲགས་ཅན་དཔའ་རིས་བ་རིག་འཛིན་
སྒྲོལ་མར་བསྟོད་པའི་ཚིགས་སུ་བཅད་པ་དབྱངས་ཅན་
དགྱེས་པའི་གླུ་དབྱངས་ཅེས་བྱ་བ་བཞུགས་སོ༎

གངས་ཅན་ཆོས་ཀྱི་གདུལ་ཞིང་ཕང་བ་རུ༎
བཙས་པའི་ཁོ་བོས་སྒོ་གསུམ་ལེགས་བཀྲུས་ཏེ༎
མཚུངས་མེད་ཤེས་རབ་ལྷ་མོའི་གམ་བཅར་ནས༎
ཞབས་པད་བཏུད་དེ་ཕྱག་གསུམ་འཚལ་བར་རེངས༎ 

སྙིང་གི་འཕོ་མེད་དད་པའི་བྱང་ཆུབ་ལྗོན༎
རྩེ་གཅིག་གསོལ་སྨོན་གཡུ་ལོས་རབ་བརྒྱན་པས༎
ཀྱེ་ཀྱེ་མཚོ་བྱུང་མ་ཁྱོད་སྤྲོ་གཡེངས་དུ ༎
ལན་གཅིག་ཕེབས་པར་མཛོད་དང་ཉམས་དགའ་ཡོད༎

དེང་འདིར་བསྐལ་བརྒྱར་སྦྲུམ་པའི་བརྩེ་དུང་གི༎
གསར་སྐྱེས་ཞ་ལུས་ངག་ཁེབས་བརྟོལ་མ་ནུས༎
དེའི་ཕྱིར་སྒྲ་དབྱངས་ལྷ་མོས་རོལ་དབྱངས་ཀྱིས༎
གྲུ་ཆར་འཇོ་བར་མཛོད་དང་སྐྱབས་སུ་མཆིའོ༎

ཐུགས་རྗེས་གཟིགས་རོགས་མ་གཅིག་བཅོམ་ལྡན་ཀྱེ༎
ངས་ཀྱང་ཁྱེད་ཀྱི་ཐུགས་རྗེ་གཙིགས་འཛིན་ཏེ༎
སེམས་པ་ཕྲ་མོས་སྙན་གླུ་གྱེར་ནས་ནི༎
ཁྱེད་ལ་དྲིན་ཞིག་གཟོ་བའི་ལྷག་བསམ་ཡོད༎

འདི་ལྟའི་བདག་ལ་ངག་གི་དབང་འབྱོར་ཅིང༎
དབྱངས་ཅན་ལྷ་མོའི་ཐུགས་བརྩེ་མྱངས་པའི་དུས༎
སྒོ་གསུམ་གཏད་སོ་བདག་ལ་དམིགས་ནས་ནི༎
རམ་འདེགས་གང་མང་ཡོད་ན་རེ་བ་འགྲུབ༎

ད་ཡང་ཁོང་གི་གླུ་སྐད་སྙན་དུ་ཐིངས༎
ཞེ་ལ་སྤྲོ་སྣང་རྦ་རླབས་ངང་གིས་འཕྱུར༎
འཕྱུར་བས་བསྟོད་གླུ་ཚིག་ཕྲེང་པིར་གྱིས་གྱེར༎
པིར་གྱིས་ལེན་བར་བླགས་དང་རིགས་བཟང་ལགས༎

འཛམ་གླིང་རྒྱ་ཕེབས་གངས་ཅན་སཱ་ལའི་ལྗོངས༎
ཤེལ་དཀར་གངས་ཀྱི་ཅོད་པན་རྩེ་ཟུར་ནས༎
དྭངས་གསལ་དྲི་བྲལ་སྐར་མ་འོད་ཆེན་ཞིག༎
འཛུམས་པས་བདག་ཡིད་ཁམས་ཀྱི་མུན་པ་བཀུམས༎

དེ་བཞིན་དུང་ཁྱུང་འབྲི་མོའི་གཡང་སྡེ་སྟེ༎
དཔའ་རིས་འདབ་བརྒྱད་ས་ཡི་སྙིང་ག་རུ༎
མཚན་དཔེའི་མེ་ཏོག་འཛུམ་པའི་ཡན་ལག་མཆོག༎
རིག་འཛིན་སྒྲོལ་མའི་ཚེ་ཡི་སྒྲོན་མེ་འབར༎

བཞིན་བཟང་ཞལ་གྱི་དཀྱིལ་འཁོར་ཉ་རྒྱས་ཟླ༎
ཁྲ་རིག་ཟུང་གི་ཆུ་ཤེལ་དཀྱུས་རིང་མ༎
ལྕང་ལོ་གཡུ་ཡི་རལ་པ་ཉིལ་ལེ་བ༎
ཚིགས་དྲུག་སྨྱུག་མའི་སྐུ་གཟུགས་བདོག་པ་ལགས༎

ཉམས་བརྒྱད་འཕྱོར་བའི་འགྱུར་བ་ལྷུན་ཆགས་པ༎
སྐྱེ་གཟུགས་མེ་ན་ཀ་ཡི་རྗེས་འབྲངས་པ༎
གངས་ཅན་མཛེས་མའི་གཙུག་གི་རྒྱན་གྱུར་ཅིང༎
ཁོ་བོའི་སེམས་སུ་མེ་ཏོག་ཚུལ་གྱིས་བཞད༎

དཔའ་རིས་དམངས་གླུ་སྙན་མོའི་འགྱུར་ཁུག་གིས༎
ཐོག་མར་ངག་གི་རྨོངས་པ་རབ་སེལ་ཅིང་༎
མཛེས་ལྡན་ལུས་ཀྱི་ལང་ཚོ་ཟླ་བཞིན་རྒྱས༎
དེང་དུས་སྐལ་པའི་མཛེས་པའི་རྒྱན་དུ་བཀོད༎

ལོ་རྒྱུས་སྟོང་གི་ཁྲག་དང་རྔུལ་ཆུ་ཡིས༎
གཏམས་པའི《ཁྲི་ཤོར་རྒྱལ་མོའི》འཇིངས་རུམ་ནས༎
ལ་རྒྱའི་ཤུགས་ཀྱིས་བསྲུབས་པའི་སྙན་དབྱངས་ཀྱི༎
ངག་གི་འགྱུར་ཁུག་ཁྱོད་ལས་སུ་ལ་མངའ༎

གངས་ཅན་མཐོ་སྒང་ནོར་འཛིན་གོར་མོ་ཡི༎
སྐྱོ་གདུང་སེམས་ཀྱི་དྲེགས་པ་འཇོམས་མཛད་པ༎
《ཁུ་བྱུག》གཞོན་ནུའི་མགྲིན་སྒྲའི་ཟླ་གྲོགས་ཏེ༎
དུས་ཀྱི་གསོས་སྨན་ཁྱེད་ངག་མིན་ན་ཅི༎

《ཁ་སང་གཏམ་རྒྱུད》དུས་འཁོར་འཁྱེར་བ་ལ༎
ཕྱི་དྲན་བློ་ཡིས་རྗེས་འདེད་བྱེད་པའི་ཚེ༎
ཁྱེད་ཀྱིས་གཉོམ་པའི་གླུ་ཡིས་བདག་གི་སེམས༎
བྱིས་དུས་སྣང་བ་གཙང་མའི་རོ་ཡིས་མྱོས༎

《གཟི་བརྗིད་ལྡན་པའི་པོ་ཏ་ལ》ཡི་ངོར ༎
ཡོན་ཏན་རྒྱ་མཚོའི་གསོལ་སྨོན་ཚིག་གི་ཕྲེང༎
མ་ལུས་དབྱངས་ཀྱིས་ལྡེབས་སུ་བྲིས་པ་ཡིས༎
ཆོས་ལྡན་ཞིང་དུ་བསོད་ནམས་གྲུ་ཆར་བསྙིལ༎

ཁྱེད་ཀྱི་གླུ་སྐད《དཔྱིད་ཀའི་འཕྲིན་བཟང》སྟེ༎
ཡིད་སྨོན་བཀྲ་ཤིས་ཆར་གྱི་རྒྱུན་དྲངས་ཤིང༎
ས་འཛིན་ལུས་ལ་གཡུ་མདོག་གོས་བསྐོན་ཚེ༎
རེ་སྒུག་སེམས་སུ་མེ་ཏོག་ཁྲ་ཆིལ་བཞད༎

གནས་རི《བྱ་དཀར་ལྷུན་པོའི》ཡང་སྤོ་ན༎
དཔའ་རིས་དམངས་གླུའི་རླུང་གི་རྒྱུན་དྲངས་ཚེ༎
ཁྱད་འཕགས་ཡུལ་སྲོལ་བཟང་པོའི་རླུང་གི་རྟ༎
ཕྱོགས་ཀྱི་འཁོར་ལོའི་ཁམས་སུ་བང་གིས་འཁྱོལ༎

སྤུན་ཟླའི་སེམས་ཀྱིས་མི་ཐེག་གདུང་བ་འདི༎
《གདུང་སེམས་མཉམ་བསྐྱེད》ཅེས་པའི་སྐྱོ་མགུར་དེས༎
སྐྱོ་བའི་ཁུར་རྩ་ཕོག་ནས་ཡིད་སེམས་སུ༎
དམ་ཆོས་ཡིག་དྲུག་དོན་གྱི་སྙིང་པོ་བརྐོས༎

ཁྱེད་དང་ལྷན་གཅིག་འཛོམས་པའི་རེ་སྨོན་ལ༎
《ལྷན་འཛོམས》གླུ་ཡིས་འདོད་སྲེད་ངར་ལྡུད་བས༎
བདག་བློ་སེམས་ཀྱི་གླག་རྒོད་ཐུན་དྲུག་ཏུ༎
གཟུགས་མེད་སྣང་བའི་མཐོངས་སུ་ལྡིང་ལ་བྲེལ༎

ཉམ་ཐག་གངས་ཕྲུག་ཚོགས་ལ་གདམས་པ་ལ་༎
བསྐུར་བའི《སེམས་འཕྲིན》ལྷད་མེད་སེམས་ཀྱི་སྒྲས༎
སྙིང་གི་བརྩེ་བ་དྲོད་ཁོལ་བཏེགས་པ་ལ༎
གངས་འཛིན་འབུམ་གྱིས་མ་བཅོས་འཛུམ་གྱིས་བསུས༎

སྒང་པ་གངས་ཅན་ལྗོངས་ཀྱི་གཡང་ཁྱིམ་གྱི༎
སྣོད་བཅུད་མི་འཇིག་ཞི་བདེའི་རུམ་ཁོང་དུ༎
བསྐལ་བརྒྱར་བརྟག་བརྟན་ཞབས་ཀྱིས་བཅགས་པ་ལ༎
《དུས་གསུམ་མཆོད་པ》དགུང་ནས་དགུང་དུ་མཆོད༎

གངས་ལྗོངས་ཤེས་རིག་འཕེལ་བའི་ལམ་སྣེ་རུ༎
དཔའ་དང་ལྷག་བསམ་དཀར་པོས་མཛད་རྗེས་ཀྱི༎
བསུབ་མེད་ཞབས་རྗེས་འཇུ་ལག་རྒྱུན་ལྡན་མ༎
བསྒྲུན་མེད《ཁ་བ་ཅན་གྱི་དཔའ་རིས་བ》༎

《འབྲི་མོ་དུང་ཆུང་དཀར་མོའི》ངུར་དབྱངས་ཁྲོད༎
ཕ་མེས་དབྱངས་རྟ་རྒྱུན་གྱི་སྙན་དབྱངས་ཀྱི༎
ཁྱད་འཕགས་གཡང་གི་ནོར་བུ་སྐྱོང་བ་འདི༎
གཡང་ཟོག་འབྲི་མོས་བེའུ་སྐྱོངས་ལས་ལྷག༎

ཕ་སྐད་གླུ་ཡི་བདག་མོ་ཁྱེད་ཀྱིས་ངག།
ཕ་གཅིག་རིགས་ཀྱི་ཁྱད་འཕགས་གཡང་གི་ནོར༎
《མཛེས་སྡུག་མདོ་ལ》རིང་མོའི་ཡང་རྩེ་ནས༎
བ་དན་བསྐྱོད་བཞིན་ངོམས་པར་སུས་མི་བསྟོད༎

《དྲིན་ཆེན་མ་ལོའི་གསུང་སྐད》སྙན་པོ་ཡིས༎
ལྷན་སྐྱེས་ངག་གི་དངོས་གྲུབ་སྦྱོར་བ་ཡི༎
ཁྱོད་གསུང་གཡས་འཁྱིལ་དུང་གི་སྒྲ་སྒྲོག་པས༎
མ་ལུས་འགྲོ་བ་ཀུན་གྱི་སྣང་བ་བཀྲུས༎

ལུས་ཀྱི་བརྟུལ་ཞུགས《ལུག་རྫི་བུ་མོ》འི་ཚུལ༎
ངག་གི་འགྱུར་ཁུག་གཞན་གསོས་བུ་ཡི་ཟླ༎
ཡིད་ཀྱི་འབྱུང་བ་ཐེག་ཆེན་མཆོག་གི་སྲས༎
མཛངས་མ་ཁྱེད་ནི་གདོང་དམར་བོད་ཀྱི་རྒྱན༎

ཁྱེད་ཉིད་ཐུགས་རྗེ་སྟོང་གི་བདག་འཛིན་མ༎
བྱམས་དང་སྙིང་རྗེ་ཆེན་མོའི་སེམས་བསྐྱེད་ཀྱིས༎
ལྡོམ་བུའི་ཚུལ་དུ་འཁྱམས་པའི་དྭ་ཕྲུག་ཚོགས༎
བདེ་སྐྱིད་གཡང་གི་དཔལ་ལ་འགོད་པར་གཞོལ༎

གངས་ཀྱི་ཁུགས་སུ་མྱག་པའི་རུལ་སུངས་དག།
ལེ་ལོའི་མལ་གྱི་རྨི་ལམ་ཞིང་ཁམས་ནས༎
སྙན་འགྱུར་ངག་གིས་དོན་དུ་དྲངས་པ་འདི༎
ཐོ་རངས་མ་ཎི་པད་དབྱངས་སྙན་མོ་ལགས༎

སྙན་པའི་གླུ་ཡིས་མི་ཚེ་འོད་དུ་བསྒྲོན༎
ཡིན་ཕྱིར་མཚོ་བྱུང་སྲས་མོའི་སྲས་མོ་དང༎
བྱམས་པའི་བརྩེ་བས་ཐུགས་གཤིས་ལྷུན་ཆགས་འདི༎
ཁྱེད་ཉིད་རྒྱལ་ཡུམ་ཞི་མའི་རྣམ་སྤྲུལ་གཤིས༎

ཕ་སྐད་རིན་ཆེན་གསེར་གྱི་རང་མདངས་འདི༎
འཇམ་ངག་ཉིན་བྱེད་འོད་ཀྱིས་ཕྱོགས་བཅུར་མཆེད༎
ཡ་མེད་སྲོལ་བཟང་གངས་རིའི་རང་མདངས་ཀྱང་༎
མི་འཇིག་གོར་མོའི་རིས་སུ་ཕབས་འདི་རྨད༎

རྫོགས་ལྡན་དུས་ཀྱི་ལྷ་བྱ་ཁུ་བྱུག་གམ༎
བསིལ་ལྡན་སྒང་གི་གངས་རིའི་སྐར་རྒྱན་ཁྱོད༎
དུས་འགྱུར་རླབས་ཀྱིས་སྲིད་གསུམ་གཞོམ་ན་ཡང་༎
སྙན་འགྱུར་ངག་གི་འགྱུར་ཁུག་རྟག་བརྟན་ཤོག།

མཚན་གྱི་བཟང་པོ་རིག་འཛིན་སྒྲོལ་མ་ཁྱོད༎
པིར་ཐོགས་བདག་སྙིང་ག་འུར་བདེ་བཞུགས་ཏེ༎
འོ་ཆོའི་རིགས་ཀྱི་བུ་ལ་ཤ་ཞེན་མཛོད ༎
མཆོག་ཉིད་ཚེ་བསོད་རླུང་རྟ་དར་བར་ཤོག།
 
གངས་རིའི་སྐར་རྒྱན། ཁྱེད་ནི་ངའི་སེམས་ཀྱི་གཏན་གྲོགས།
                     
དཔའ་རིས་བ་གླུ་མ་རིག་འཛིན་སྒྲོལ་མ་མཆོག་ལ་བྲིས་པ།

          ཐུན་མཚམས་ཀྱི་རྨི་ལམ་སྐྱོ་པོ་ཞིག་གིས་ང་རང་གཉིད་ལས་བཙན་གྱིས་བསླངས། དབུགས་ལྷེབ་ལྷེབ་ངང་ཡར་ལ་ལྡང་པ་ཡིན། ལུས་ཡོངས་སུ་རྔུལ་ཆུའི་ཟིལ་ཐིགས་ནི་ལུམས་རྒྱག་པ་བཞིན་བརྡོལ་འདུག སྐབས་དེར་ཉལ་ཁང་གྲུ་བཞི་ནི་འོད་མོག་མོག་དང་འཇམ་ཐིང་ཐིང་རེད།
          དཀར་ཁུང་གི་ཁ་ནས་ཟླ་འོད་ཀྱི་ཟེར་ཐག་འཁྱིལ་འདུག  ངས་སློབ་ལྭ་དེ་གཡང་ལུགས་སུ་གྱོན་ཏེ་དཀར་ཁུང་དང་ཉེ་བར་བཅར་པ་ཡིན། ཟླ་འོད་ནི་རྔུལ་ཆུའི་ཐིགས་པ་བཞིན་དཀར་ཁུང་གི་ཁ་ནས་སིལ་མར་འཐོར་འདུག  ཟླ་འོད་ནི་བསིལ་ཟེར་ལྡན་པ་ཞིག་ཡིན་མོད་ངས་རྔུལ་ཆུས་བསླད་པའི་ལུས་ཀྱི་ཕུང་པོ་དེ་ལ་བསྟན་ཀྱང་སྐམ་ཐབས་བྲལ་ལ་ད་དུང་ཡ་མཚན་དང་སྐྱོ་གདུང་གིས་བསྡུས་པའི་དཔྲལ་བའི་གཉེར་མའི་ཡུར་བུར་བཞུར་བའི་རྔུལ་ཆུའི་རྡོག་པོ་ལ་འོད་ཀྱི་རང་མདངས་ཤིག་གིས་འཚེར་ཡོད་པ་ཤེས།  སེམས་སུ་ལུས་པའི་རྨི་ལམ་ངན་པ་འདི་ཡི་རྨ་ཁ་དང་ངལ་དུབ་ནི་སྔར་བཞིན་ལྗིད་ལ་སེལ་ཐབས་ནི་དབེན་ནོ།། ཅུང་མ་འགོར་བར། འོད་ཀྱི་ཞགས་པ་ནི་ཚེ་གྲི་རྣོན་པོས་བཅད་པ་བཞིན་རང་སར་ཆད་སོང་། ཐམས་ཅད་ནི་འཐོམས་འཐོམས་མུན་ནག་གི་ཀློང་དུ་སིམ་པ་དང་འདྲ།
          ངས་མགོ་བོ་གྱེན་དུབཏེགས་ནས་ལྟ་སྐབས། ཆུ་ལྷའི་ཕང་བ་རུ་འཕྱུར་བའི་སྤྲིན་གྱི་ཕོན་པོ་མཐུག་པོ་ཞིག་གིས་ཟླ་འོད་སྒྲིབ་འདུག  ཟླ་བ་ཡང་དུག་སྦྲུལ་གྱི་ཁ་རླུང་ཕོག་པའི་བྱི་བ་བཞིན་སྤྲིན་ནག་གི་མངལ་སྦྲུམ་གསེང་དུ་དབང་མེད་ཀྱིས་འཛུལ་སོང། དགུང་སྔོན་ན་ཟླ་ཟེར་མེད་སྐབས།ཐར་ཐོར་དུ་བཀྲམས་པའི་རྒྱུ་སྐར་རྣམས་ཀྱིས་མིག་ཟུང་ལྷེམ་ལྷེམ་དུ་རྡེབ་ཅིང་འཕུར་མ་ལྡིང་གིས་དབྱིངས་སུ་རྩེན་མུས་འདུག ནམ་མཁའ་ནི་ངོས་འཇམ་ཞིང་སྔོ་ནག་གི་མེ་ལོང་ཞིག་དང་འདྲ་ཡང་སྐར་ཕྲན་དག་གིས་རང་གི་བཤུལ་ལམ་མི་མཐོང་ཞིང་གདོང་ཐུག་རྒྱག་བཞིན་ཡོད་པར་སྣང་།
          ཟླ་བ་ནི་སྤྲིན་ཕུང་གི་ལྟག་ཏུ་བཞའ། ཨ་སྔོན་ནི་ཁྲོས་པའི་ཉམས་ཀྱིས་ཡོངས་སུ་འཕེལ་བ་བཞིན་སྨུག་ནག་ལྟིར་ལྟིར་ངང་དུ་འཁྲིགས།  རྒྱུ་སྐར་ཚོགས་ནི་ལོག་གཡེམ་གྱི་ཁུད་དུ་ཆགས་པའི་སྲིན་བུ་མེ་འཁྱེར་བཞིན་སྐབས་སྐབས་སུ་འོད་ཀྱི་སྣང་བ་ཞིག་མངོན་ཞིང་མཚམས་མཚམས་སུ་མཆི་མའི་ལྟེང་ཀ་འཁྱིལ་བའི་ཁྲ་ཆུང་བཞིན་རིལ་རིལ་ངང་དུ་འགུལ་ཙམ་འགུལ་ཙམ་བྱེད་ཅིང་མཆིས། དེའི་མཚམས་སུ་ངའི་ཡིད་ཀྱི་འཇིག་རྟེན་ལ་ཡང་ངལ་དུབ་ཀྱི་མུན་ནག་ཀློང་ལ་སྐྱོ་གདུང་གི་ཆར་བ་སྲིད་གསུམ་གྱི་རྒྱ་མཚོ་རལ་བ་ལྟར་བབས། དེ་བས་ཡིད་སེམས་གཉིས་ཀྱང་ཐུན་མཚམས་ཀྱི་རྨི་ལམ་ངན་པའི་འཇིག་རྟེན་གྱི་གྲུ་ག་ཞིག་ཏུ་འདས་སོང་གི་ས་རུ་མི་འཐིམས་པའི་ཞེ་སྨྲེང་བའི་མིག་ཆུའི་རྡོག་པོ་དག་འཐུ་བར་ཆས་ལ་རན་པའི་དུས་སུ། འོད་སྣངཞིག་གིས་མིག་མདུན་གྱི་འཇིག་རྟེན་ཁམས་ལ་དཀར་གསལ་གྱི་སྒོ་མོ་གསར་པ་ཞིག་ཕྱེ་བཞིན་ཤར་རིའི་རྩེ་ནས་ཟེར་ཐག་སྟོང་གིས་བརྒྱན་པའི་ལམ་སྣེ་ཞིག་དྲངས་བྱུང།  བལྟས་བལྟས་ངང་ལ་ལམ་སྣེ་འདྲེན་པའི་བྱེད་པོ་དེ་ནི་གངས་རིའི་མཛེས་རྒྱན་དུ་ཤར་ཞིང་མི་ཡུལ་གྱི་མུན་པའི་སྒྲིབ་ཡོལ་ཕྱེ་མཁན་གྱི་སྐར་མ་འོད་ཆེན་ཞིག་ཡིན་པ་གསལ་པོར་ཤེས་བྱུང་།
          ཁོང་ལ་ཟླ་བ་ལྷ་མོ་རྗེས་འདེད་བྱེད་པའི་སྐར་ཚོགས་ལྟར་བླུན་རྨོངས་མོན་ཡུལ་རྡོ་གཅོད་ཀྱི་བློ་ཡི་དྲི་མས་མ་བགོས་ཤིང་ཁོང་ལ་ཟླ་བའི་དཀྱིལ་འཁོར་བཞིན་ལ་ནག་ཐིག་གྲིབ་མས་བརྫད་པ་ལྟ་བུའི་སྐྱོན་གྱིས་སྦགས་མི་འདུག  རང་བཞིན་ལྷན་སྐྱེས་ཀྱི་འཛུམ་ཞལ་ལ་མཛེས་ཀོང་དཀྱུས་རིང་གཉིས་ཀྱིས་མཛེས་སྡུག་བསྣན་ཅིང་གཞོན་ཤ་དོད་པའི་འཇམ་གཉེན་ཤ་ཡི་འོད་ཀྱིས་ཕྱོགས་བཅུར་འཕྲོས། གངས་རིའི་སྐར་རྒྱན་ལགས། ཁྱོད་འཛུམ་ཟེར་ཆིམ་ཆིམ་དུ་སྤྲོ་བཞིན་གངས་རིའི་ཕྲག་པར་བསྔས་ནས་ངའི་ཁེར་རྐྱང་གི་ལུས་ལ་གཟིགས་ཚེ། ངའི་རྨི་ལམ་གྱི་ཞིང་ཁམས་སུ་མྱངས་པའི་སྐྱོ་གདུང་དང་ཁུར་བའི་ཕམ་ཁ་ཡོད་ཚད་བསམ་པའི་ཡོལ་གོ་ནས་མཁའ་ལ་འཐོར་བ་དང་ས་རུ་འཐིམས་པ་བཞིན་ག་སོང་ཆ་མེད་དུ་གྱུར།   སྐབས་དེར་ཁོ་བོའི་སེམས་སུ་དགའ་སྐྱིད་་ཀྱི་སྣང་བ་བླ་ལྷག་ཏུ་འཕེལ་བ་མ་ཟད། དེ་དུས་ང་ནི་ཁྱོད་ཀྱི་མིག་ཟུང་གི་འོད་ཞག་དེ་ཡིན་ཞིང་ང་ནི་ཁྱེད་ཀྱི་ལྷེམ་ལྷེམ་དུ་འགུལ་བའི་ལུས་ཀྱི་ཉམས་མདངས་དེ་ཡང་ལོས་ཡིན།  དེ་བས་ངས་མི་ཡུལ་གྱི་གསང་བ་དག་གསལ་པོར་མཐོང་ཞིང་གངས་འདབས་ཀྱི་འགྲོ་བས་སྐྱིད་སྡུག་གིས་འཁྲབ་པའི་ཟློས་གར་དེའང་ལྟད་མོར་ལྟ་ཐུབ་སོང་།
          ཁོང་འདི་ལྟ་ཤར་རིའི་རྩེ་ནས་འོད་ཀྱིས་འཛུམ་དུས། དོག་མོ་ས་ཡི་ཕང་ནི་ཅུང་གསལ་ཆ་དོད་ཀྱང་མི་ཡུལ་གྱི་རི་རྭ་བ་ཐམས་ཅད་ད་དུང་གཉིད་ཀྱི་ཞིང་ཁམས་སུ་འགྲིམས་མུས་ཡིན་ལས་ཆེ། ཟླ་ཆུ་སྔོན་མོའི་བཞུར་སྒྲ་ཡང་འཛིན་མའི་སྔུར་པ་རིང་མོ་མིན་ན་ཅི། ཡིན་ཡང་སྐར་མའི་འཛུམ་ཟེར་འོག་གི་བདག  དཀར་ཁུང་གི་རྩིབས་ན་ཁྲོང་ངེར་འགྲེངས་བའི་བདག་གི་ཕུང་པོ་དང་སྐར་མའི་རྒྱུ་འོང་ལ་རེ་བས་སྒུག་པའི་བདག་གི་སེམས་ལ་སྔར་མེད་ཀྱི་ཟིལ་ཤུགས་དང་རེ་འདུན་ཞིག་གིས་ཡོངས་ནས་བརྟས། གཞན་ཡང་དགུང་སྔོན་དབྱིངས་ཀྱི་སྐར་ཚོགས་ནི་གྲངས་ཀྱིས་དཔག་པར་མི་ནུས་ཏེ། ཁ་ཤས་ནི་ལྷས་རྭ་ནང་གི་ལུ་གུ་ཚོམ་བུ། ཡང་འགའ་ཤས་ནི་ཕྲེང་ཐག་ཆད་པའི་མུ་ཏིག་དོག་པོ་བཞིན་གང་སར་འཐོར་འདུག
          དེའང་ངས་གངས་རིའི་ཕྱོགས་སུ་འཕགས་པའི་སྐར་ཆེན་འདི་ནི་འཛེམ་ཟོལ་ཅུང་ཙམ་མངོན་པའི་བུ་མོ་ཞིག་ཏུ་མཐོང་། ཁོང་གི་འཛུམ་དམུལ་དམུལ་གྱི་ཞལ་གདོང་སྒོར་མོ་དང་འཚེར་བག་གི་འོད་ཀྱི་ཟེགས་མ་འཐོར་བའི་སྤྱན་ཟུང་བཅས་ཁོ་བོའི་མིག་དབང་གི་བདུད་རྩི་རུ་སྨིན་ཚེ།  བདག་གི་ལུས་ཡོངས་སུ་བཤད་མི་ཤེས་པའི་ཚོར་སྣང་གསར་པ་ཞིག་གིས་ཡོངས་ནས་དཀྲུགས། ཁོང་གིས་ངའི་ལུས་ཡོངས་སུ་འཁྱུད་པའི་འོད་ཀྱི་ཟེར་ཐག་ནི་འཇམ་ཞིང་ཡང་ལ་མངར་ཞིང་བསིལ་བ་འབའ་ཞིག་ཉིད། དེ་བས་ངས་ཁོང་གི་བྱམས་བརྩེའི་འོད་ཟེར་ནི་ངའི་སེམས་ཀྱི་སྐྱོ་ཤས་ཀྱི་སྣང་བ་སེལ་མཁན་དང་ངལ་དུབ་ཀྱི་ཁུར་བོ་དབོག་མཁན་གྱི་སྙན་འཇེབས་གླུ་ཡི་རོལ་མོ་ཞིག་ཏུ་སེམས།
          སྙན་འཇེབས་གླུ་ཡི་རོལ་མོ་འདི་ནི་ངའི་སེམས་ཀྱི་རྩེད་གྲོགས་དང་དགའ་ཁ་ཡིན་ པས་ངའི་བྱང་ཁོག་སྟོད་ན་དགའ་སྐྱིད་དང་ཡིད་སྨོན་གྱིས་ཞབས་བྲོ་འཁྲབ་བཞིན་སེམས་ཀྱི་ཁམས་ལ་དྲོ་སྐྱིད་ཉི་མའི་འོད་དང་རེ་འདུད་ཟླ་ཟེར་བསིལ་མས་ཡོངས་སུ་བཀྱེས། ཡིན་ཡང་མིག་ཡ་གཅིག་གིས་མཐོང་སྣང་དུ་མཐོན་ཀ་ཆེན་པོའི་ངོས་ཀྱི་སྐར་ཚོགས་རྣམས་རྟ་ལོང་འདུར་རྒྱུག་བྱེད་པ་བཞིན་མཐོངས་སུ་གཉུལ་བ་ལས་སྐལ་བཟང་ཤར་ཕྱོགས་སུ་ཤར་བའི་སྐར་རྒྱན་ཕྱོགས་སུ་དད་གུས་གྱིས་བསུ་མ་བྱེད་པའི་ཚུལ་ནི་བཙལ་ཀྱང་རྙེད་དཀའ་བའི་གནས་སུ་བབས་འདུག ས་གཞི་ཆེན་པོའང་སྔར་ལྟར་གངས་རིའི་སྐར་རྒྱན་གྱིས་དབྱངས་བདུན་རྫོགས་པའི་གླུ་ཡིས་བསླངས་ཀྱང་སྒྱིད་ལུག་དང་རྙིང་ཞེན་གྱི་རྨོངས་པའི་ཀླུང་དུ་བཙན་གྱིས་གཉིད་ལ་འགུགས་གང་ཐུབ་བྱེད་པ་ལས་སྐར་ཆེན་གྱི་འབོད་སྐུལ་ནི་རྣ་རྒྱབ་རླུང་བཞིན་དོར་བ་དང་ཟླ་ཆུ་སྔོན་མོས་ཀྱང་སྔར་བཞིན་རླབས་ཀྱི་ལྕག་ལ་བྲེད་ནས་རྒྱང་ནས་རྒྱང་དུ་ནུར་བ་ལས་མདུན་སྐྱོད་ཀྱི་གོམ་མཚམས་འཇོག་སྟེ་རང་ལུས་དར་དཀར་རིང་མོའི་གཟུགས་སུ་སྤྲུལ་ཏེ་གངས་རིའི་སྐར་རྒྱན་གྱི་རྒྱུ་འོང་ལ་བསུ་བ་ཞུ་སླད་མགུལ་བར་འཁྱུད་པའི་ལས་ནི་བསམ་ཡས་ལས་འདས་པ་ཤ་སྟག་གོ།   ཚུལ་དེ་དག་གིས་ཁོ་བོའི་སེམས་ལ་ཞེ་ལོག་ཅིག་བསྣན་ཅིང་ཕངས་སེམས་ཤིག་རང་དབང་མེད་པར་སྐྱེས་སུ་བཅུག
          གངས་རིའི་སྐར་རྒྱན་ལགས། ཁྱེད་རང་ཡིད་མ་ཕངས།བློ་མ་འགྱོད། ཁྱེད་ནམ་མཁའི་མཐའ་ནས་འདི་ལྟ་འོད་སྣང་གླུ་ཡི་སྒྲ་དབྱངས་སྙན་མོས་གངས་ཅན་ཁམས་ལ་སྦྱིན་པ་སྟིམས་ནས་སླེབས་འོང་དུས།  ཁྱོད་ལ་ལམ་གྲོགས་ཤིག་དང་སྡོང་གྲོགས་ཀྱི་གྲིབ་མ་ཙམ་ཡང་མེད་ཀྱང་ཁྱེད་རང་ཡིད་མ་ཕམ། མི་ཡུལ་གྱི་གྲུ་ཁུགས་སུ་ལུས་པའི་་ཁེར་རྐྱང་གི་བདག་ལས་ཁྱོད་ལ་བསུ་མ་དང་རྒྱབ་སྐྱོར་མཛད་མཁན་མེད་ཀྱང་ངེས་པ་མི་འདུག   ཁྱེད་རང་ཁེར་རྐྱང་ཡིན་བསམ་སྐྱོ་སྐྱོ་མ་མཛད་རོགས། ཐུན་འདིའི་མུ་མཐའ་བྲལ་བའི་ནམ་མཁའ་ནི་ངའི་སེམས་ཀྱི་ཞིང་ཁམས་དང་མངའ་ས་རེད། དེ་བས་ཁྱོད་རང་ངའི་སེམས་ཀྱི་སྦུབས་སུ་འཁོར་ཡོད། སེམས་ཀྱི་སྦུབས་སུ་འཁོར་ཡོད་པས་ངའི་སེམས་སུ་འཁྲུངས་པའི་སྙན་ངག་གི་མཆོད་པ་དང་རྣམ་དཀར་གྱི་བརྩེ་་་དག་ཁྱོད་ཀྱིས་མྱངས་ཐུབ་ངེས། སྐར་རྒྱན་ལགས། ཁྱེད་རང་གཅིག་པུ་ཡིན་བསམ་འཇིགས་སྣང་ཡེ་ནས་སྐྱེ་མི་དགོས་ཏེ།  ཁྱོད་གོ་ལའི་ཕ་རོལ་ཏུ་སོན་དགོས་པའི་ཤུལ་ཐག་ནིརིང་ཡང་ཁྱེད་ཀྱི་བགྲོད་ལམ་ནི་འཇིག་རྟེན་མི་ཡུལ་དུ་ལུས་པའི་ཁོ་བོའི་སྙིང་གི་རྩ་ལམ་ཡིན། དེའི་དབང་གིས་ཁྱེད་རང་སྙན་པའི་གླུ་དབྱངས་ལེན་ཞོར་བདེ་མོར་ཕེབས་དང། ངས་སྙིང་ཁམས་ཀྱིས་འཇམ་ཤ་ཡོད་ཚད་དང་དྲོད་ཁོལ་ཡོད་ཚད་ཀྱིས་ཁྱེད་ཀྱི་བགྲོད་ལམ་བདེ་བར་འཕེན་པ་དང་བརྩེ་བའི་འོད་སྣང་འཛད་མེད་དུ་སྦྱིན་བཞིན་ཡོད།
          ཁུ་སིམ་སིམ་གྱི་མཚན་ལྗོངས་འདིར། ཟླ་ཆུ་སྔོན་མོའི་ཤག་ཤག་གི་གླུ་སྒྲ་ལས་གཞན་ཉིན་དཀར་དུས་སུ་ཡོ་ལང་གི་རྣམ་པ་དང་སྐད་ཅོར་ཡོད་ཚད་དུ་ཁུང་དུ་འཛུལ་ཏེ་གཉིད་ལ་གཟིམ་འདུག  ཡིན་ཡང་སྐར་རྒྱན་འོད་ཀྱི་གུར་ཁང་དུ་ཀྲོང་ངེར་འགྲེང་བའི་ཁོ་བོའི་ཡིད་ལ་ཡིད་སྨོན་གྱི་མར་མེ་འབར་ཞིང་སྐར་རྒྱན་ཕྱོགས་སུ་ཅེར་བའི་འདྲེན་བྱེད་མཐའ་ནས་དགའ་དུངས་ཀྱི་མཆི་མ་ལྟེང་ཀར་བསྐྱིལ།  གངས་རིའི་སྐར་རྒྱན་ལགས།  ཁྱོད་མཐོངས་ཀ་ངོས་སུ་བཀལ་ཞིང་ང་འདབ་བརྒྱད་དབུས་སུ་ལུས་ཀྱང་སེམས་ཀྱི་བརྟན་པ་ཁྱོད་ལ་བཅོལ་ཡོད།  ངས་འབྱུང་བཞི་ལུས་ཀྱི་ཕུང་པོའི་དབང་པོ་མ་ཚང་མེད་པ་ཁྱེད་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་འཚོ་བའི་རྒྱབ་ལྗོངས་སུ་བློས་བཏང་ཡོད། ཁྱེད་ཀྱི་ཞི་རྒྱས་དབང་དྲག་གི་དོན་དུ་ངས་ཉིན་མཚན་ཐུན་དྲུག་མཐུད་ནས་ཀུན་གྱི་ལྐོག་ཏུ་འཇབས་ཏེ་སེམས་ཀྱིས་བསྔོ་སྨོན་བགྲང་བ་ཚད་ཀྱིས་མི་ལོངས། ཁྱོད་འདི་ལྟ་ཞལ་འཛུམ་འཛུམ་དང་དགོད་ལྷང་ལྷང་ངང་མཁའ་དབྱིངས་ནས་བྱོན་ཚེ། ངའི་ཤ་ཁྲག་གདོས་བཅས་ཀྱི་ལུས་ལ་བཤད་མི་བདེ་བའི་ཚོར་བ་གང་མང་ཞིག་བྱུང་ལ་དུ῝ཁས་གདུངས་པའི་སེམས་གཅོང་ལྷུག་པོར་གྲོལ་ཏེ་བག་ཆགས་ཟབ་པའི་གླུ་དབྱངས་ཤིག་མགོ་མེད་མཇུག་རྡུམ་ངང་ངག་ནས་ཐལ།  དུས་འགྲོས་དང་བསྟུན་ནས་ཁོང་དལ་བར་དལ་བུས་ཨ་སྔོན་རྩིབ་བརྒྱད་འཁོར་ལོའི་ལྟེ་བར་རྒྱུ་བའི་ཚེ་ན། ངའི་ལུས་ཕུང་ཡོངས་ནི་ཁྱེད་ཀྱི་བརྩེ་བའི་འོད་མདངས་ཀྱིས་ཡོངས་སུ་བཏུམས་དུས། ང་ངོ་མ་ཁྱེད་ཀྱི་བྱམས་བརྩེའི་རུམ་དུ་ཉུལ་ཟིན།  
          སྐབས་དེར། འུ་གཉིས་ཀྱི་བགྲོ་གླེང་ཀློང་ནས་ངའི་བྱིས་སྒྲུང་གི་ཟིན་བྲིས་ལ་སྙན་ཆ་ལྡན་ཞིང་ཁྱེད་ཀྱི་འདས་སོང་གི་ལོ་ཟླ་ནི་ཕྱི་ལྡོག་འོང་བ་བཞིན་གསོན་ཉམས་ལྡན།  གང་ལྟར་འུ་གཉིས་ཀྱི་དུས་གསུམ་ལ་མཚར་སྡུག་རབ་ཏུ་འབར། ངའི་ངལ་དུབ་དང་སྐྱོ་གདུང་གི་བྲོ་བ་ཁྱོད་ཀྱིས་བསྣམས་ཤིང་ཁྱོད་ཀྱི་སྙིང་ཁོང་གི་སྙིང་གཏམ་གྱི་མིག་ཆུ་ངའི་ཡ་ཆུང་གི་སེམས་སུ་ཐིམས།  གངས་རིའི་སྐར་རྒྱན་ལགས། ཁྱེད་ནི་ངའི་སྐྱོ་བའི་དུས་ཀྱི་སྐྱོ་གྲོགས་དང་དགའ་བའི་དུས་ཀྱི་དགའ་གྲོགས་སུ་མ་བཅོས་ལྷུན་གྱིས་གྱུར་རོ༎
          གངས་རིའི་སྐར་རྒྱན།  ངའི་སེམས་ཀྱི་གཏན་གྲོགས་ལགས། ཁྱེད་ཀྱིས་ངའི་རྣམ་ཤེས་ཕྲ་མོ་འོད་ཀྱི་ཐིག་ལེའི་ཁུད་དུ་ཉར་ཏེ་ཁུ་སིམ་སིམ་གྱི་མཚན་གཞུང་འདིར་རྒྱལ་ཁམས་ཕྱོགས་མེད་དུ་འགྲིམས་ཏེ་ཉི་མོ་གསར་པ་ཞིག་གི་སྒོ་གླེགས་ཕྱེ་བར་གཞོལབར་མཛོད་ཅིག་ཨང་།  སྐབས་དེ་དུས། ངས་རིའི་ཕ་རོལ་གྱི་ཁོ་བོ་དང་འདྲ་བའི་ཉམ་ཐག་དག་གི་སྐྱོ་གདུང་གིས་བརྡོལ་བའི་མིག་ཆུ་འབྱིད་རོགས་དང་ཡིད་སེམས་སུ་འོད་སྣང་ཞིག་གིས་སྤྲོ་སྐྱིད་དང་བརྩེ་བ་རེ་སྦྱིན་པར་ཅི་མི་བྲེལ།
ཞེས2011ལོའི་ཟླ5པའི་ཚེས16ཉིན་གྱི་དགོང་མོར་གྲོགས་པོ་ཚོ་དང་ལྷན་དུ་སོ་སོས་རང་རང་གི་དགའ་ཁ་སྤོབས་པའི་ངང་གིས་གླེང་ཚེ། འགལ་ཟླ་ཅུང་བྱུང་བས་ཚང་མས་རྗེས་ལུས་དང་རྙིང་ཞེན་ཚིག་གིས་ཁོ་བོའི་སྙིང་ཁ་གས། དེ་བརྟེན་ཕངས་ཁ་ཟ་བའི་སེམས་པ་གྲང་མོས་ནམ་ཕྱེད་ཀྱི་ཉམས་སྣང་མ་ལུས་ཡིག་གེར་ཕབ་པ་དགེའོ༎

གཙོ་ངོས།ཤོག་ངོས་གོང་མ།12ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།