ཆབ་མདོ་མཐོ་འབྲིང་དང་པོའི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:བློ་བཟང་ཉི་མ། 2012-06-02
མཚོ་སྔོན་པོ་དྲ་བ།

 
ཆབ་མདོ་མཐོ་འབྲིང་དང་པོ།

        ཆབ་མདོ་མཐོ་འབྲིང་དང་པོ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ཕྱོགས་སུ་ཆགས་པའི་བོད་ཤར་མུ་ཏིག་ར་བ་ཞེས་འབོད་པའི་ཆ་ཡི་ཆགས་ཚུལ་ཁྱད་པར་བ་དེའི་གཞུང་དུ་ཟླ་ཆུ་དང་ངོམ་ཆུ་འདྲེས་མཚམས་ཀྱི་མདོ་རུ་བདེ་བར་ཆགས་ཡོད། སློབ་གྲྭ་དེའི་ལོ་རྒྱུས་རིང་ཞིང་འདས་སོང་གི་ལོ་རྒྱུས་རིང་མོའི་ནང་བོད་ཀྱི་སྤྱི་ཚོགས་དང་རིག་གནས་གོང་དུ་སྤེལ་བའི་བྱ་བཞག་ལ་ངེས་པར་མཁོ་བའི་ཤེས་ལྡན་མི་སྣ་གྲངས་ཀྱིས་མི་ལང་བ་གསོ་སྐྱོང་མཛད་བཞིན་ཡོད།
          སློབ་རའི་ཁོ་ར་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ་དང་། ཡངས་ཤིང་རྒྱ་ཆེ་ལ་གཡུ་མདངས་ཅན་གྱི་དེང་གི་རྐང་རྩེད་སྤོ་ལོའི་ཐང་དང་ཐོག་བརྩེགས་ཅན་གྱི་སློབ་ཁང་། སློབ་མའི་ཉལ་ཁང་། དེ་བཞིན་ཟ་ཁང་དང་རྫས་དངོས་རྩིས་གསུམ་གྱི་ཚོད་ལྟ་ཁང་སོགས་ཀྱིས་ན་ཆུང་སློབ་བུའི་ཚོགས་ལ་སློབ་སྦྱོང་བྱེད་སའི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱེད་བཞིན་ཡོད། སློབ་གྲྭ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་མཐོ་རིམ་སློབ་འབྲིང་ཞིག་ཡིན་པས་ཁམས་ཕྱོགས་ཀྱི་རྫོང་ཁག་བཅུ་གཅིག་ཙམ་གྱི་སློབ་མ་འདི་རུ་འདུས་ཡོད་ཅིང་ལོ་རིམ་གསུམ་ལ་ཁྱོན་བསྡོམས་པའི་འཛིན་གྲྭ་ལྔ་བཅུ་ལྷག་ཙམ་ཡོད།
         གཞན་ཡང་གླུ་གཞས་དང་ལུས་རྩལ་སོགས་རིག་རྩལ་འཛིན་གྲྭ་ཡང་གསུམ་ཙམ་དབྱེ་ཡོད། རིག་ཚན་ཁག་གི་དགེ་རྒན་རྣམས་གཙུག་ལག་ཀུན་ལ་བྱང་ཞིང་ལྷག་པར་སློབ་ཁྲིད་ཀྱི་ཉམས་མྱོང་ལྡན་པ་འབའ་ཞིག་ཡིན། དེར་འདུས་པའི་སློབ་མ་ཀུན་ནི་ཁམས་པའི་བུ་དང་བུ་མོའི་རང་གཤིས་གཤའ་མ་ཤ་དང་རུས་པར་ཐིམས་ཤིང་རྒྱལ་གཅེས་དང་དམངས་ཕན་གྱི་བསམ་བློའི་ཁ་ཕྱོགས་བརྟན་ཅིང་བརླིང་བ་དང་རིགས་ཞེན་དང་ཐོས་པ་འཚོལ་བའི་བརྩོན་འགྲུས་ཀྱི་ངར་ཤུགས་རྒྱས། མདོར་ན། སློབ་གྲྭ་འདི་ནི་རླབས་ཆེན་གུང་ཁྲན་ཏང་གི་ཡང་དག་སྲིད་ཇུས་བཟང་པོའི་བྱམས་སྐྱོང་འོག་ཉིན་རེ་ནས་ཉིན་རེ་བཞིན་དུ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པའི་གངས་ལྗོངས་རིག་པའི་སྐྱེད་ཚལ་ཞིག་ཀྱང་ཡིན་ནོ༎