བྱམས་པ་ཆོས་བཟང་གི་རྩོམ་རིག་ཁག་ཅིག

རྩོམ་པ་པོ།:བྱམས་པ་ཆོས་བཟང་། 2012-06-01
མཚོ་སྔོན་པོ་དྲ་བ།


རུས་མིང་། བྱམས་པ་ཆོས་བཟང་།
འཛིན་གྲྭ། མཐོ་གསུམ།
ཕ་ཡུལ། ཆབ་མདོ།

མ་ཡུམ་ལགས—གངས་ལྗོངས།

ང་གནམ་གྱི་ཀ་བ་ལྟ་བུའི་རི་བོ་ལ་དགའ།
ང་ཤེལ་གྱི་མཆོད་རྟེན་ལྟ་བུའི་གངས་རི་ལ་དགའ།
ང་གཡུ་ཡི་མཎྜལ་ལྟ་བུའི་སྤངས་ལྗོངས་ལ་དགའ།
ངས་དབྱར་བཀྲ་བའི་མེ་ཏོག་འཐུ་མྱོང་ལ།
སྟོན་བཀྲ་བའི་གསེར་གྱི་ལོ་ཏོག་ནི་དེ་བས་ཀྱང་།
དེ་དག་ནི་བོད་ཁ་བའི་ལྗོངས་ཀྱི་ཁྱད་ཆོས་ཡིན་དང་།
ངའི་འཚོ་གནས་སྐྱེལ་ས་ཡང་ཡིན།
གངས་ལྗོངས་ལགས། མ་ཡུམ།
མ་ཡུམ་ལགས། གངས་ལྗོངས།

ང་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པའི་རྟ་བདུན་དབང་བོ་ནི་མིན།
ང་སྙན་གྲགས་འཛམ་གླིང་ལ་ཁྱབ་པའི་གླིང་རྒྱལ་གེ་སར་གྱི་སྒྲུང་ཡང་མིན།
ང་གསོ་རིག་ལ་མཛད་རྗེས་བསུབ་མེད་དུ་བཞག་པའི་གཡུ་ཐོག་ཀྱང་མིན།
ང་ཟློས་གར་ལ་འཕྲིན་ལས་བཞག་པའི་ཐང་སྟོང་རྒྱལ་པོ་ཡང་མིན།
ང་སྙན་ངག་གི་རོལ་མོ་དཀྲོལ་བའི་དགུ་རོང་དོན་གྲུབ་རྒྱལ་ཡང་མིན།
དེ་དག་ནི་ང་ཚོ་མི་རིགས་ཀྱི་ལ་རྒྱ་དང་།
མེས་རྒྱལ་གྱི་གཟི་བརྗིད་ཀྱང་ཡིན།
ང་ནི་བོད་ཀྱི་གཞོན་ནུ་དཀྱུས་མ་ཞིག་ཡིན།
འོ། ངའི་མིང་ལ་ཆོས་བཟང་ཟེར།
ང་ནི་བཟང་པོ་གསུམ་ལྡན་གྱི་སློབ་མ་ཞིག་མིན།
འོན་ཀྱང་། 
ང་ནི་རང་མི་རིགས་ལ་དགའ་བའི་གཞོན་ནུ་ཞིག་ཡིན།
གལ་ཏེ་ང་རང་སྙན་ངག་པ་ཞིག་ཡིན་ན།
སྙན་འཇེབས་ཚིག་གི་སྦྱོར་བས་བོད་ལྗོངས་ལ་བཀྲ་ཤིས་པའི་སྨོན་ཚིག་ཕུལ་ངེས་ལ།
གལ་ཏེ་ང་རང་གཞས་མ་ཞིག་ཡིན་ན།
སྐད་གསང་མཐོན་པོས་བོད་ལྗོངས་ལ་བསྟོད་གླུ་ལེན་འདོད།
གལ་ཏེ་ང་རང་རི་མོ་བ་ཞིག་ཡིན་ན།
ཚོན་མདོག་སྣ་ལྔ་བྱུག་ནས་བོད་ལྗོངས་འདི་མཛེས་རིས་སུ་ཕབ་ངེས།
ང་རང་བོད་རིགས་ཞིག་ཡིན་པས་སེམས་པ་གཏིང་ནས་སྤྲོ་བྱུང་།
གངས་ལྗོངས་ལགས། མ་ཡུམ།
མ་ཡུམ་ལགས། གངས་ལྗོངས།

ང་ཡིས་ནུས་པ་ཡོད་ཚད་ཁྱེད་ལ་སྟེར་རྒྱུ་ཡིན།
ང་ནི་བོད་ཀྱི་རྙེད་པར་དཀའ་བའི་སྐད་ཡིག་ལ་དགའ་ཞིང་།
བོད་ཀྱི་ལོ་རྒྱུས་རིང་མོ་འདི་ལ་དེ་བས་ཀྱང་དགའ་འོ།
ངས་དེ་དག་ལ་སྦྱང་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་འདི།
འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ཡིན་ཏེ།
ད་དུང་གསར་དར་གྱི་ཚན་རིག་ལག་རྩལ་སོགས།
དེ་བས་ཀྱང་དར་སྤེལ་གཏོང་རྒྱུ་ཡིན།
གངས་ལྗོངས་ལགས། མ་ཡུམ།
མ་ཡུམ་ལགས། གངས་ལྗོངས།

ང་ལ་ཡིད་ཆེས་དང་གཅེས་སྐྱོང་མཛོད་དང་།
ང་ལ་རོགས་རམ་དང་སྐུལ་འདེབས་མཛོད་དང་།
ང་ལ་བློ་རིག་དང་ཡོན་ཏན་གནོངས་དང་།
ངའི་ཚེ་སྲོག་གི་ཐ་མ་ཡང་།
མ་ཡུམ་བོད་ལྗོངས་ཁྱོད་ལ་ཞབས་འདེགས་ཞུ་རྒྱུ་ཡིན།
ང་ཡིས་ནུས་པ་ཡོད་ཚད་ཁྱོད་ལ་བཏོན་ཆོག
གངས་ལྗོངས་ལགས། མ་ཡུམ།
མ་ཡུམ་ལགས། གངས་ལྗོངས།