སྤྲང་ཕྲུག་གི་སྨྱོ་ལབ། རྡོ་རྗེ་དོན་གྲུབ།

རྩོམ་པ་པོ།:རྡོ་རྗེ་དོན་གྲུབ། 2012-07-01
མཚོ་སྔོན་པོ་དྲ་བ།

 

 

རུས་མིང་།  རྡོ་རྗེ་དོན་གྲུབ།
པིར་མིང་། གཅན་སྤྲང་སྲས།
འཛིན་གྲྭ 2010ལོའི་བོད་ཡིག་འཛིན་གྲྭ་ཀ་བ།
 

སྤྲང་ཕྲུག་གི་སྨྱོ་ལབ།

         ས་མཐོ་གངས་རིའི་སྐོར་བའི་ཡུལ་འདི་ན།། ས་ལའི་སྨན་གྱིས་ནོར་འཛིན་གང་མོད་ཀྱང་།། ས་ཕྱོགས་གཞན་ཀྱིས་བདག་ཏུ་བཟུང་དྲགས་ནས།། ས་མཐའི་བོད་ཡུལ་སྤྲང་བོར་གྱུར་ནས་འདུག། ཁ་བའི་རྡུལ་མང་བརྩེགས་པའི་ཡང་རྩེ་ནས།། ཁ་སང་བཙན་པོའི་རྒྱལ་རབས་སྟོབས་ཆེན་དེ།། ཁ་ཅིག་ཕུ་ནུ་ནང་དམེ་བྱས་ཆེ་བས།། ཁ་སང་དེ་རིང་ཁྱིམ་རྒྱུད་རྒུད་པར་མཐོང་།། ཀ་ཡེ་རིགས་མཐུན་བོད་པའི་སྣོད་ལྡན་ཚོགས།། ཀ་ཁ་རིག་ལྔར་སྦྱངས་བརྩོན་བྱང་ཆུབ་ཀྱང་།། ཀ་ལས་རིག་གཞུང་གཞན་དག་མ་ཤེས་ན།། ཀ་བ་རུལ་བོ་བཞིན་དུ་བརྟན་མི་ཚུགས།། ག་ལེར་འདང་རེ་རྒྱོབ་དང་ཕུ་ནུ་ཚོ།། ག་དུས་ཡིན་ཡང་རང་ཡུལ་གད་པ་དེ།། ག་རེ་བྱས་ཀྱང་སྐྱིད་ཅེས་བསྡད་དྲགས་ན།། ག་ན་ཡིན་རུང་འཕེལ་རྒྱས་དལ་བའི་གནས།། ད་ལྟ་ཨ་རི་དང་ནི་ཉི་ཧོང་སོགས།། ད་སྔའི་ཚན་རིག་གང་དེས་མ་ཚིམས་པར།། ད་དུང་ཉི་ཟླ་སྐར་གསུམ་བརྟག་པའི་དུས།། ད་རེས་སྤྲང་ཕྲུག་ང་ཡང་བྲེལ་གྱིས་དེད།། ང་ཚོ་གནས་པའི་གངས་རིའི་ལྗོངས་འདི་ན།། ང་ཚོ་བོད་ལ་རིག་གནས་བགྲངས་མོད་ཀྱང་།། ང་ཚོའི་མདུན་ལྗོངས་གསར་བ་འདྲེན་བྱེད་དུ།། ང་ཚོས་རིག་གསར་བག་མ་ལེན་རེན་འདུག། ང་ཚོའི་རིག་གནས་རྒྱབ་བརྟེན་སྐྱ་སེར་གཉིས།། ང་ཚོའི་སྐྱ་བོར་ཚེ་ཕྱིའི་སྒྲུབ་སྦྱངས་གཙོ།། ང་ཚོའི་སེར་མོར་ཚེ་འདིའི་ལོངས་སྤྱོད་མཁོ།། ང་ཚོའི་འགྲོས་འདི་ད་ལྟ་འཆུགས་ནས་གདའ།། ཁོ་ཚོ་བླ་མ་དཔོན་པོ་གོ་སའི་ཁྱི།། ཁོ་ཚོ་ལས་བྱེད་མང་པོ་དཔོན་པོའི་ཁྱི།། ཁོ་ཚོ་ན་གཞོན་ཕོ་མོ་ཆང་གི་ཁྱི།། ཁོ་ཚོ་བོད་པའི་ལ་རྒྱ་ཚར་ནས་འདུག། ཅ་ཅོ་འདུ་འཛིས་ཁེངས་པའི་ཕྱི་ཡུལ་ན།། ཅ་ལག་སྣ་མང་རྩིགས་པའི་གྲོང་ཁྱེར་ན།། ཅ་དག་རིགས་དང་འཛོམས་གསུམ་འཛོམས་ནས་འདུག། ཅ་དག་མིན་པའི་བོད་པ་ལྷང་ངེ་ཞིག། ཆ་ལུགས་སྣ་མང་སྟོན་མཁས་བཟང་མོད་ཀྱང་།། ཆ་ཡ་སྡེབ་སྟངས་མ་མཁས་ངོ་ཚའི་རྒྱུ།། ཆ་ཡ་ར་ལུག་བརྗེས་པའི་བོད་ཕྲུག་ཚོས།། ཆ་ལུགས་ཆ་ལ་སྣང་དོགས་རེ་འགར་མཛོད།། ཏ་ལེན་ཁུར་བའི་ཕ་མ་བུ་ཡིས་བརྗེད།། ཏ་རེ་སྒྲོལ་མའི་འདོན་པ་ཆོས་པས་བརྗེད།། ཏ་ཐ་ད་ན་དབྱངས་གསལ་སློབ་མས་བརྗེད།། ཏ་རིན་དཔོན་པོས་དམངས་ཀྱི་བདེ་སྡུག་བརྗེད།། ན་ནིང་འབྲོག་རྒན་གཉིས་ཀྱིས་རྩ་ས་བརྩད།། དོ་ཚིགས་རོང་འབྲོག་གཉིས་ཀྱིས་གཉེན་ཡུལ་བརྩད།། ཁ་སང་སྐྱ་སེར་གཉིས་ཀྱིས་ལྟ་བ་བརྩད།། དེ་རིང་དགེ་སློབ་གཉིས་ཀྱིས་ཕ་སྐད་བརྩད།། མགོ་ནག་བོད་པ་ཚར་མེད་རྩོད་ལ་དགའ།། རིགས་འགྱུར་བཙོག་པའི་ལོ་རྒྱུས་བརྗེད་ལ་དགའ།། ཁྱིམ་ཞགས་ཅན་གྱི་རིག་གནས་སྦྱོང་ལ་དགའ།། འདི་དག་རིགས་རྒྱུད་ཕུང་བའི་རྒྱུ་རུ་མངོན།། ནོར་འཛིན་ར་བའི་ཡུལ་གྲུ་ཕལ་མོ་ཆེར།། རང་རང་དབང་བའི་རྒྱལ་ཁབ་ཡོད་མོད་ཀྱང་།། གངས་རིའི་ལྗོངས་སུ་སྔགས་པའི་བོད་ཡུལ་འདིར།། བྱམས་བརྩེས་རྗེས་སུ་བཟུང་བའི་མ་ཡུམ་གང་།། སྐྲ་སེར་སྤྲེའུ་ཅན་གྱི་ཕྱི་རྒྱལ་དང་།། ཡར་འཕེལ་ཧམ་སེམས་ཁེངས་པའི་རྒྱ་ནག་སོགས།། མགོན་དང་སྐྱབས་ཀྱི་འོག་ན་བདེ་བར་གནས།། རང་དབང་འདྲ་མཉམ་གཙོས་པའི་དམངས་གཙོ་སོགས།། འཛིན་མའི་ཁྱོན་དུ་སྟོན་འདྲར་ཅོ་འདྲི་དུས།། བཙན་པོའི་ཁྱི་གཡོགས་རྒྱུགས་པའི་ཁ་བའི་ལྗོངས།། ཁུ་བྱུག་དཔྱིད་དཔལ་མ་བསུས་ངང་དུ་ལུས།། ཁོ་ཚོས་ཤེས་རིག་ཚན་རྩལ་ཧམ་པས་འཐུང་།། ང་ཚོས་ནོར་ལུག་རྨིག་རྗེས་དལ་གྱིས་སྙེགས།། ཕ་ཡུལ་སྐྱུར་ནས་ཟླ་བར་བགྲོད་པའི་དུས།། བོད་པས་རང་ཡུལ་སྐྱིད་ཅེས་ངང་གིས་བསྡད།། ཨ་རིས་འཚོ་གནས་ཆེད་དུ་འཐབ་འཁྲུག་སློང་།། དབྱིན་ཇིས་ལྗོངས་རྒྱུ་ཡིན་ཤེས་འདུར་རྒྱུགས་བྱེད།། བོད་པས་ཆོག་ཤེས་སྒོམ་ནས་ཉི་འཁྱོལ་བྱེད།། འདི་དག་བསམས་ཞིང་བསམས་ན་སྐྱོ་བ་ཞིག། མ་འོངས་མདུན་ལྗོངས་བསམསམ་ན་རེ་བཞག་ཅིག། བོད་པའི་ལ་རྒྱ་བསམས་ན་བློ་སྤོབས་ཤིག། སེམས་པའི་རྒྱུད་ལ་སྐྱེས་ནས་འདི་ལྟར་བྲིས།།