ངས་ཀྱང་ཁང་བ་ཞིག་ཕུབ་འདོད། དབང་ཆེན་ཚེ་རིང་།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། 2012-07-01
མཚོ་སྔོན་པོ་དྲ་བ།

 


རུས་མིང་།  མདོ་མེད་པ་དབང་ཆེན་ཚེ་རིང་།
འཛིན་གྲྭ   2010ལོའི་བོད་དབྱིན་འཛིན་གྲྭ
ཕ་ཡུལ།  རེབ་གོང་།

ངས་ཀྱང་ཁང་བ་ཞིག་ཕུབ་འདོད།  

གཅིག

ངས་ཀྱང་ཁང་བ་ཞིག་ཕུབ་འདོད།
ཉི་འོད་འཛོམས་ཤིང་རླུང་བུ་རྒྱུ་ས་ཞིག་ནས
ས་བབས་མཐོ་ཞིང་ཆུ་བོ་གཙང་ས་ཞིག་ནས
སྔོ་ལྕི་དང་ས་དཀར་བསྲེས་ཏེ་ཡང་ན་ཕྱིང་བ་དང་ཁུ་ལུ་བཏག་ནས
སྟབས་བདེ་བའི་ཁང་བ་ཞིག་ཕུབ་འདོད།
ཁང་བ་དེར་བརྩེགས་རིམ་སྤྲོད་མི་དགོས་མོད། ངེས་པར་དུ་མཐོང་ཡངས་ས་ཞིག་ཡིན་དགོས།

གཉིས།

ངས་ཀྱང་ཁང་བ་ཞིག་ཕུབ་འདོད།
ང་ལ་རླངས་འཁོར་མེད་པས། འགྲིམ་འགྲུལ་སྟབས་མ་བདེ་ན་ཆོག
ང་ལ་རྩིས་འཁོར་མེད་པས། གློག་ལམ་ཡང་མེད་ན་ཆོག
གང་ལྟར་ཀྱང་། ཁང་བ་དེར་སྒོ་དང་སྒེའུ་ཁུང་ཆེ་རེ་ཕུག་དགོས།
སྒེའུ་ཁུང་ལས་ངས་སྡེ་ཆེན་ཁྲོམ་ལ་ཉན་དགོས།
སྒོ་ཆེན་ལས་ངས་མི་ཆེན་རྣམ་པ་བསུ་དགོས།

གསུམ།

ངས་ཀྱང་ཁང་བ་ཞིག་ཕུབ་འདོད།
ར་བ་སྐོར་མི་དགོས།
མེ་ཏོག་ལྡུམ་ར་ཡང་གཉེར་མི་དགོས།
འོན་ཀྱང་།
ཁང་བ་དེའི་རྒྱབ་ནགས་རི་ཡིན་དགོས། ཁང་བ་དེའི་མདུན་སྤངས་ལྗོངས་ཡིན་དགོས།
ངའི་གཡང་དཀར་བལ་ཁ་ཅན་པོ་ནགས་རི་ནས་འཚོ་དགོས།
ངའི་རྐྱང་ངེ་གོམ་ཁ་ཅན་པོ་སྤངས་རི་ནས་རྒྱུགས་དགོས།

བཞི།

ངས་ཀྱང་ཁང་བ་ཞིག་ཕུབ་དགོས།
ང་ལ་ནང་ནོར་ཉུང་བས་ཁང་བ་དེའི་ནང་ཆེ་མི་དགོས །
ང་ལ་མགྲོན་པོ་ཉུང་བས་ཁང་བ་དེའི་ནང་ཡག་མི་དགོས།
ཡིན་ནའང་། ཁང་བ་དེའི་ནང་་ཁག་གཉིས་སུ་བགོ་དགོས་སྟེ།
ཤས་གཅིག་ནས་ཨ་ཕའི་མཆོད་པ་དང་ཨ་མའི་རྐྱང་ཕྱག་ཤོང་དགོས་ལ།
ཟུར་གཞན་ཞིག་ནས་མ་འོངས་བའི་ཆུང་མའི་མདུན་ནས་ཁ་བགད་ལེ་ཀུ་རེ་རྩེ་ས་དང་
ཁ་རོག་གེར་ནས་ཆང་འཐུང་ས་ཞིག་ཀྱང་ཡོད་དགོས།

ལྔ།

ངས་ཀྱང་ཁང་བ་ཞིག་ཕུབ་འདོད།
བསམས་བསམས་ནས་འཆར་རིས་བྲིས་ཏེ། འབད་འབད་ནས་ཁང་བ་འགྲུབ་རྗེས།
འཆར་འགོད་ལས་མི་ཚེ་ཡི་རིན་ཐང་གཞལ་དགོས།
ཁང་བ་ལས་འཚོ་བ་ལ་ཁ་མདོག་བསྒོ་དགོས།

དྲུག

ངས་ཀྱང་ཁང་བ་ཞིག་ཕུབ་འདོད།
གྲོགས་པོ་ལགས། ཁོམ་པ་ཡོད་ན་མགྲོན་དུ་ཕེབས་རོགས།……………………
ང་ཁང་བ་དང་མཉམ་དུ་རྒས་ཐུབ་པར་སྨོན། ཁང་བ་ང་དང་མཉམ་དུ་མི་འཐོར་བ་ཤོག །

2011ལོའི་ཟླ10བའི་ཚེས10ཉིན་གྱི་དགོང་མོར།