སློབ་ཆེན་འགྲིམ་པའི་ང་།

རྩོམ་པ་པོ།:འབྲུག་མོ་སྐྱིད། 2012-07-10
མཚོ་སྔོན་པོ་དྲ་བ།

 

周毛吉

རུས་མིང་། འབྲུག་མོ་སྐྱིད།
འཛིན་གྲྭ། 2011ལོའི་བོད་ཡིག་འཛིན་གྲྭ།
ཕ་ཡུལ། ཀན་ལྷོ།
 

  གལ་ཏེ་མི་ཚེ་ནི་ཧ་ཅང་མཐུག་པོའི་དཔེ་ཆ་ཞིག་ཡིན་ན། སློབ་ཆེན་གྱི་འཚོ་བ་ནི་དེའི་ནང་གི་ཆེས་ཚོན་མདངས་བཀྲ་བའི་ཤོག་ངོས་ཤིག་ཡིན། གལ་ཏེ་མི་ཚེ་ནི་ཆ་ཚང་བའི་ཟློས་གར་ཞིག་ཡིན་ན།སློབ་ཆེན་གྱི་འཚོ་བ་ནི་དེའི་ཁྲོད་ཀྱི་ཆེས་སྤྲོ་སྣང་ཆེ་བའི་སྟངས་སྟབས་ཁག་ཅིག་ཡིན། གལ་ཏེ་མི་ཚེ་ནི་ཡུན་རིང་བའི་ཡུལ་སྐོར་ལྗོངས་རྒྱུ་ཐེངས་
གཅིག་ཡིན་ན། སློབ་ཆེན་གྱི་འཚོ་བ་རོལ་མྱོང་བྱེད་པའི་ང་ཚོས་ཆེས་མཛེས་སྡུག་ལྡན་ཞིང་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་ཤིག་མཐོང་ཐུབ།
   སློབ་ཆེན་ནི་སློབ་འབྲིང་སློབ་མ་ཅི་འདྲའི་མང་པོ་ཞིག་གིས་རེ་སྨོན་བྱེད་པའི་གནས་ཤིག་ཡིན་ལ།སློབ་ཆེན་གྱི་འཚོ་བ་ནི་སློབ་འབྲིང་སློབ་མ་ཅི་འདྲའི་མང་པོ་ཞིག་གིས་ཆེས་རོལ་འདོད་ཆེ་བའི་འཚོ་བ་ཞིག་རེད་ཨང་། སློབ་ཆེན་ནི་ངཚོའི་རང་རྐྱ་འཕེར་བའི་འཚོ་བ་འགོ་བརྩམས་པའི་ཐེམ་སྐས་ཡིན་ལ།སློབ་ཆེན་ནི་རང་ཉིད་ཀྱི་འཇོན་ནུས་མངོན་འགྱུར་བྱེད་སའམ་ཕུགས་བསམ་ལ་ལག་སྣེ་སྦྲེལ་ས་ཡང་ཡིན།སློབ་འབྲིང་སྐབས་ང་ཚོས་སློབ་ཆེན་ནི་རང་དབང་ཆེ་ཞིང་དྲོ་སྐྱིད་རྫོགས་ལྡན་གྱི་ལྷ་ཡུལ་ཁམས་ཆེན་པོ་ཞིག་ཡིན་པར་འདོད་ལ།སློབ་མ་ཞིག་ལ་མཚོན་ན་སློབ་སྦྱོང་ལས་གཞན་གལ་ཆེ་བའི་ལས་འགན་ནམ་སྐབས་བབ་ཀྱི་དོན་དག་ཅིག་མེད་འདོད་མོད།འོན་ཀྱང་ང་མཐོ་གསུམ་སྐབས་ཀྱི་སློབ་་སྦྱོང་གི་ཁུར་བོ་ལྕི་མོ་དང་གནོན་ཤུགས་དྲག་པོ་དེ་ལས་ཐར་ནས་སློབ་ཆེན་གྱི་ཐེམ་སྐས་ལ་འགོས་མ་ཐག
  ད་གཟོད་སློབ་ཆེན་ལ་ཅུང་ངོས་ཟིན་ཟབ་མོ་ཞིག་ཐོབ་སྟེ།སློབ་ཆེན་ནི་ཤེས་རིག་གི་མེ་ཏོག་སྣ་བརྒྱ་རྣམ་པར་བཀྲ་བའི་ལྡུམ་ར་ཆེན་པོ་ཞིག་ཡིན་ལ།ཤེས་བྱའི་བདུད་རྩི་མཚོ་ལྟར་འཁྱིལ་ཡོད།དེ་བས་ཤེས་རིག་གི་འགྲན་རྩོད་དང་མདུན་སྐྱོད་ཀྱི་སྤོབས་སེམས་འགྲན་པའི་ཆེས་མཐོ་བརྒལ་གྱི་གར་སྟེགས་ཆུང་ཆུང་ཞིག་གམ།སྤྱི་ཚོགས་ཆུང་ངུ་ཞིག་ཀྱང་ཡིན།ང་ཚོའི་མི་རེ་རེས་གར་སྟེགས་འདིའི་སྟེང་ནས་སྣ་མི་འདྲ་བའི་གར་ཆུང་རེ་དང་ཟློས་གར་རེ་འཁྲབ་དགོས་ལ།རིགས་མི་འདྲ་བའི་གླུ་ཆུང་ཞིག་དང་དེང་གཞས་ཤིག་ཀྱང་ལེན་དགོས།མི་སུ་ཡིན་རུང་རྒྱལ་ཁ་དང་ཡང་རྩེར་བསྙེགས་རྒྱུ་ནི་ཆེས་རེ་འདོད་བྱེད་ས་དང་དམིགས་འབེན་ཡང་ཡིན་པས་ང་ཚོས་གར་སྟེགས་འདིའི་སྟེང་ནས་ཆེས་བརྙན་རོལ་གྱིས་ཕྱུག་ལ་གསོན་ཉམས་ལྡན་པའི་གར་ཆུང་དེ་ཅིའི་མི་འཁྲབ།
  སློབ་ཆེན་སློབ་མ་ཞིག་ལ་མཚོན་ན།སློབ་སྦྱོང་ལས་ཀྱང་གལ་འགངས་ཆེ་བ་ནི་རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་མངོན་འགྱུར་བྱ་རྒྱུ་དེ་ཡིན་པས།ང་ཚོས་སྤོབས་པ་ཆེར་སྐྱེད་དང་རང་ནུས་ཡོད་དགུས་རང་ཉིད་ཀྱི་དམིགས་འབེན་དང་ཕུགས་འདུན་གྱི་ཆེད་དུ་འབད་འབུངས་བྱས་ནས་རང་ཉིད་ནི་མིང་དོན་མཚུངས་བའི་སློབ་ཆེན་སློབ་མ་ངོ་མ་ཞིག་ཏུ་གྱུར་བར་འབད་དགོས།ང་ཚོ་ནི་ལང་ཚོ་དུས་ཀྱི་གསར་སྐྱེས་མེ་ཏོག་ལྟ་བུ་ཞིག་སྟེ།རང་ཉིད་ཀྱི་གསེར་ལས་དཀོན་པའི་ལང་ཚོའི་དུས་ཚོད་ལ་གཅེས་སྤྲས་དང་དམ་འཛིན་སྒོས་རང་ཉིད་ལ་སྦྱོང་བརྡར་ལེགས་པོ་ཞིག་བྱས་ཏེ།རང་ཉིད་ནི་ལྡུམ་ར་ཆེན་པོ་འདིའི་ནང་གི་ཆེས་མཛེས་སྡུག་ལྡན་པའི་མེ་ཏོག་རྐང་གཅིག་ཏུ་གསོ་སྐྱོང་བྱེད་དགོས།
  ང་ཚོ་ཚང་མ་ནི་རང་ཉིད་ཀྱི་ཕུགས་བསམ་ལ་རེ་བསྙེགས་བྱེད་མཁན་ཡིན་པས་ཀྱག་ཀྱོག་གི་ལམ་ཕྲན་ཁྲོད་ནས་གེགས་བར་ཆད་དང་དཀའ་ངལ་གང་མང་ཞིག་ལ་འཕྲད་ནའང་དེ་དག་ལ་དཔའ་ངར་ཞུམ་མེད་ཀྱིས་ངོ་རྒོལ་དང་འཐབ་རྩོད་བྱས་ནས་ཕུགས་བསམ་འཚོལ་བའི་ལམ་བར་གྱི་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་ཡོད་ཚད་ལ་རོལ་མྱོང་བྱེད་དགོས་པ་ནི་སྨོས་མ་དགོས།ད་ལྟ་སློབ་ཆེན་གྱི་འཚོ་བ་རོལ་མྱོང་བྱེད་པའི་ང་ལ་མཚོན་ནའང་འདས་ཟིན་པའི་བགྲོད་ལམ་ཁྲོད་ཀྱི་གེགས་བར་ཆད་གདུང་གིས་བསུས་ཟིན་ལ།མ་འོངས་པའི་བགྲོད་ལམ་དང་འཚོ་བའི་ཁྲོད་ཀྱི་རོ་དྲུག་ལྡན་པའི་བར་ཆད་ལ་འཐབ་རྩོད་བྱེད་པར་གྲ་སྒྲིག་བྱེད་བཞིན་གདའ།དེ་བས་ཆེས་ངོས་ཟིན་ཟབ་མོ་ཞིག་ནི་མི་དང་མིའི་བར་གྱི་མཛའ་བརྩེ་དེ་ཡིན།སྤྱིར་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ཁྲོད་ན་བརྩེ་བ་ལ་རིགས་མང་ཞིང་རྣམ་པ་ཐ་དད་མང་པོ་ཡོད་མོད་ཀྱང་།མི་ཞིག་ལ་མཚོན་ན་ཆེས་རིན་ཐང་བྲལ་བ་ནི་དྲིན་ཆེན་ཕ་མས་བུ་ལ་བཅིངས་བའི་བརྩེ་དུང་ཡིན།དེ་ལས་གཞན་ཆུང་འདྲིས་གྲོགས་པོའི་བར་གྱི་བརྩེ་བ་དེ་ཡིན།སློབ་ཆེན་གྱི་ཐེམ་སྐས་འདིར་འགོས་པ་ནི།སྔོན་ཆད་ཀྱི་ཆུང་འདྲིས་སྙིང་གྲོགས་མང་པོ་ཞིག་ལ་ཁ་འབྲལ་ཞིང་འོ་ཆུ་འདྲེས་བ་ལྟ་བུའི་འགྱུར་མེད་ཀྱི་བརྩེ་བ་དེ་སྙིང་དབུས་སུ་བཅངས་ནས་དེར་ཕྱིར་དྲན་ཙམ་མ་གཏོགས་རོལ་མྱོང་བྱེད་པའི་སྐལ་བ་དབེན།འགྲན་རྩོད་ཀྱི་མཐོ་རླབས་དགུང་དུ་འཕྱུར་བའི་གནས་འདི་ནས་ངོ་མ་བློ་གཏོད་ཡུལ་ལམ་ཡིད་ཆེས་རུང་བའི་བརྩེ་བ་ངོ་མ་ཞིག་རྙེད་ཧ་ཅང་དཀའ་ལ།རྦད་དེ་བཙལ་མི་ཐུབ་པ་ཡིན་ནམ་ཞེས་རང་བློ་ཐེ་ཚོམ་གྱི་རྒྱ་རུ་ཚུད་པ་དང་ཆབས་ཅིག་ནམ་ཡང་ཁེར་རྐྱང་གི་སྣང་བ་ཞིག་གིས་ང་ལ་དྲོད་འཁོལ་མེད་པའི་བརྩེ་བ་ཞིག་སྦྱིན་སྲིད།
  ངའི་ཡིད་ཀྱི་སློབ་ཆེན་ནི་རྨི་ལམ་གྱི་ཞིང་ཁམས་ཤིག་མིན་ལ།འཕྲུལ་སྣང་གི་བཟོ་བཀོད་ཡང་མིན།བློ་ངོའི་གཟུགས་མེད་ཀྱི་ཡུལ་ལྗོངས་ཤིག་ཀྱང་དེ་བས་མིན།དེ་ནི་ང་ཚོའི་ཆེས་རླབས་ཆེ་བའི་ཕུགས་བསམ་དང་རེ་བསྙེགས་ཀྱི་གཞི་མ་ཡིན་ལ།མ་འོངས་རྒྱལ་ཁ་དང་མདུན་ལམ་གྱི་འོད་ཟེར་ལ་རེ་བསྙེགས་བྱེད་པའི་རྐང་རྟེན་ཡང་ཡིན།གཙོ་བོ་ང་ཚོས་འབད་འབུངས་དང་སྡུག་རུས།རྟག་གུས་ཀྱི་བརྩོན་པ་ལྷོད་མེད་བྱས་ན།ད་གཟོད་མ་འོངས་པའི་ཉིན་ཞིག་ལ།ང་ཚོ་ཡིད་ཚོམ་ཞིང་སྤྲོ་བས་ཁེངས་བཞིན་འཛུམ་པའི་མིག་མདངས་ཀྱིས་ཕྱིར་ལྟ་ཞིང་སྐྱིད་པའི་གོམ་ཁ་ཕྱིར་བསྒྱུར་བའི་དུས་ཤིག་ལོས་ཀྱང་ཡོད། སྐབས་དེར་ཁྱེད་ཀྱིས་རྒྱལ་ཁའི་གླུ་དབྱངས་ལེན་ཞིང་ང་ཡིས་ལེགས་འགྲུབ་ཀྱི་བཀྲ་ཤིས་བྲོ་གར་འཁྲབ་བཞིན་ཡོད་ལ།འཁྲབ་ཀྱང་སྲིད།དེ་ནི་ཡོད་ཚད་ལ་འབྲས་བུ་སྨིན་པའི་སྟོན་དུས་སླེབས་པ་དང་གཉིས་སུ་མ་མཆིས།
  ཤ་རུས་གདུང་རྒྱུད་གཅིག་ཏུ་འདྲེས་ཤིང་།ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ་བའི་བོད་མི་རིགས་ཀྱི་རྒྱུད་འཛིན་པ་རྣམ་པ།རང་ཉིད་རང་གི་མགོན་ཡིན་ཏེ།།གཞན་ལྟ་སུ་ཞིག་མགོན་དུ་མཆིས།།ཞེས་པ་ལྟར་རང་གིས་རང་ཉིད་སྐྱོང་ཞིང་།རང་གིས་རང་ཉིད་གཅུན་བཞིན་རང་ཉིད་ཀྱི་འཚོ་བ་དེ་ཆེས་མཛེས་སྡུག་ལྡན་ཞིང་འོད་མདངས་བཀྲ་བའི་ཐེམ་སྐས་ཤིག་ཏུ་འཛུགས་སྐྲུན་བྱེད་ཅིང་།རང་མི་རིགས་ཀྱི་ཆེད་དུ་ལག་རྗེས་ཙམ་འཇོག་པར་གྲ་སྒྲིག་བྱེད་པ་དང་ཆབས་ཅིག དེང་ཕྱིན་ཆད་ང་ཚོས་དགོད་སྒྲ་དང་ལྷན་དུ་རང་ཉིད་ཀྱི་དྲོད་འཁོལ་རྒྱས་པའི་སློབ་ཆེན་གྱི་འཚོ་བ་དེ་གླེང་ཡ། སྤུན་ཟླ་ཚོ།