སྒོ་སྲུང་བ། བཀྲ་ཤིས་རྒྱལ།

རྩོམ་པ་པོ།:བཀྲ་ཤིས་རྒྱལ། 2012-07-01
མཚོ་སྔོན་པོ་དྲ་བ།

 

རུས་མིང་། བཀྲ་ཤིས་རྒྱལ།
འཛིན་གྲྭ  2010ལོའི་མི་གཞུང་སློབ་གསོ་འཛིན་གྲྭ།
ཕ་ཡུལ། གཅན་ཚ།

སྒོ་སྲུང་བ།

         མི་ལོ་གསུམ་ཙམ་ལ་འབྲེལ་འདྲིས་དང་ངོ་ཐུག་མ་བྱུང་བའི་མི་བུ་ཞིག་ཕྱིར་དྲན་བྱས་ན། དེ་ནི་སློབ་འབྲིང་སྐབས་ཀྱི་བདག་གི་མ་ཡུམ་སློབ་གྲྭའི་སྒོ་སྲུང་བ་རྒན་པོ་དེ་ཡིན་འདུག
         གཟུགས་གཞི་ཐུང་ལ་ངོ་བོ་ནག་ཅིང་། གདོང་གི་ཡ་ཐོད་དུ་སྐྱ་ཐིག་འཁྱོག་པོ་འགའ་བཏིངས་པ་ལྟ་བུའི་རྒས་གཉེར་ཞིག་མངོན་ཡོད། དེ་དག་ནི་ཕྱིའི་བག་ཆགས་ཙམ་ཞིག་སྟེ་ཁོའི་གྲུང་ཤ་དོད་པའི་མིག་ཟུང་དེ་གཉིས་དང་བཅོས་མ་མིན་པའི་འཛུམ་བག་དེས་རྟག་ཏུ་དགེ་སློབ་ཆིག་སྟོང་ཙམ་ལ་སྣང་བརྙན་བཟང་པོ་ཞིག་འཇོག་བཞིན་ཡོད།
         ཡིན་ནའང་། ལས་གནས་ལ་འཇུག་པའི་སྐབས་སུ་ཁོ་རང་ཧ་ཅང་ནན་ཏན་གྱི་མི་ཞིག་སྟེ། རྒྱ་སྒོའི་མདུན་སར་ཁོས་ཐོབ་གོ་ས་དང་རྒྱུ་འབྱོར་བའི་ཆེ་ཆུང་། གཉེན་ཉེ་དུ་གང་ལའང་མི་བལྟ་བར་དྲང་བདེན་དང་ཀུན་ཕན་གྱི་རྩ་དོན་གཞིར་བཟུང་ནས་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་དུ་འཇུག་ཀིན་ཡོད། དེང་སྐབས་ཀྱི་མི་རྣམས་བྱ་བ་ནན་ཏན་གྱིས་སྒྲུབ་མཁན་ཅན་ལ་སྡང་བ་ནི་དོན་དངོས་ཀྱི་སྣང་ཚུལ་ཞིག་སྟེ། ཁོའི་དྲང་བདེན་གྱི་བྱ་སྤྱོད་དེས་སེམས་དཀྱེལ་དོགས་པའི་སློབ་གྲྭའི་ཕྱི་ནང་གི་སྐྱེས་པ་མང་པོར་སུན་སྣང་ངམ་ཁོང་ཁྲོ་ཅི་རིགས་སྦྱིན་བྱུང་། ཁོ་བོ་ལའང་དེ་ལས་མ་འདས་ཀྱང་དེ་ལ་མི་དགའ་བའི་རྣམ་འགྱུར་སྣ་ཚོགས་བསྟན་མྱོང་། མི་ལ་འགྲོགས་ཡུན་རིང་ན།། མི་ངོ་ངོ་མ་ཟིན་ཡོང་།། ཅེས་པ་ལྟར། འདས་པའི་ལོ་ངོ་དྲུག་གི་སློབ་འབྲིང་གི་འཚོ་བའི་ཁྲོད། ཁོས་རང་ཉིད་ཀྱི་དྲང་བདེན་གྱི་བྱ་གཞག་དེར་འགྱུར་བག་གཏན་ནས་བྱུང་དུ་མ་བཅུག་པར་རྒྱུན་བསྐྱངས་པས།  དུས་དེ་ནས་བཟུང་ངས་ཁོ་ལ་ཟུར་མིག་གཞན་ཞིག་གིས་བལྟ་དགོས་བྱུང་ཞིང་། ལྷག་པར་དུ་ང་རང་མཐོ་རྒྱུགས་ལ་ཞུགས་པའི་ལོ་དེར་ཁོས་ང་ལ་སློབ་སྦྱོང་བྱེད་དགོས་ཚུལ་དང་སྤོབས་པ་བསྐྱེད་དགོས་ཚུལ་སོགས་ཁ་ཏ་ཅི་རིགས་བྱས་པས། ངས་རང་དབང་མེད་པར་སེམས་གཏིང་ནས་ཁོ་ལ་བཀུར་བསྟི་བྱེད་དགོས་བྱུང་། སློབ་ཆེན་འགྲིམས་པ་ནས་བཟུང་ངས་ཁོ་ཐེངས་གཅིག་ལའང་མཐོང་མ་བྱུང་། འོན་ཀྱང་ཁོའི་དྲང་བདེན་གྱི་སྣང་བརྙན་དང་ཞུམ་མེད་ཀྱི་འགན་འཁྲིའི་འདུ་ཤེས་དེས་དུས་ནམ་ཡང་ངའི་འགྲོ་འདུག་འཆག་ཉལ་ལ་སྐུལ་ལྕག་ཟབ་མོ་གཏོང་ཀིན་འདུག སྒོ་སྲུང་བ། ཆེས་སྤྱིར་བཏང་གི་ལས་གནས་ཤིག་ནས། ཆེས་རྣམ་དག་གི་བྱ་བ་སྒྲུབ་མཁན་དེ་ཡིན་འདུག

སྨན་པར་བསྟན་པའི་མཇུག་འབྲས།

         ཚེ་བྷའི་རྣ་རྒྱུན་དུ་ན་བ་བྱུང་བས་ཁོ་རང་སྨན་ཁང་དུ་སོང་། སྨན་པས་ཁོའི་རྣ་བར་བལྟས་རྗེས“འདི་ནི་པགས་ནད་ཡངས་པའི་རིགས་ཤིག་རེད། ཆིན་མེ་སུའུ་དྲུག་ཙམ་བརྒྱབ་རྗེས་དྲག་འགྲོ་ངེས”ཞེས་བཤད་པ་དང་ཚེ་བྷས་ཀྱང་སྨན་པས་བཤད་པ་ལྟར་བསྒྲུབས།

         ཉིན་གཉིས་ཀྱི་རྗེས་སུ། ཚེ་བྷ་ཡང་བསྐྱར་སྨན་ཁང་འདིར་སླེབས་བྱུང་། “སྨན་པ་ལགས་། ད་ལྟར་ངའི་རྣ་བར་སྐྱོན་མི་འདུག འོན་ཀྱང་ངའི་ཕོ་བའི་ངོས་སུ་རྨ་དམར་མང་པོས་ཁེབས་འདུག”
“འོ་དེར་སྐྱོན་མི་འདུག  ཅིན་མེ་སུའུ་བཅུ་གཉིས་ཙམ་རྒྱག་དང་དྲག་ངེས་ཡིན།”
“ལེགས་སོ”

         ཉིན་འགའ་འགོར་རྗེས། ཁོ་ཡང་སྨན་ཁང་འདིར་ཐོན། “སྨན་པ་ལགས། ངའི་རྨ་རིགས་ད་ལྟ་ཡེ་ནས་མི་འདུག འོན་ཏེ། ཉིན་འདི་གར་ངའི་པུས་མོ་སྐྲང་ཀིན་འདུག ད་དུང་ཚ་ཡང་རྒྱག་གི”
“འོ། དེ་ནི་ཅིན་མེ་སུའུ་ཡིས་བསླངས་པ་རེད། ཡིན་ཡང་སྐྱོན་མིའདུག ཐུའུ་མེ་སུའུ་སོ་གཉིས་ཐོངས་དང་སང་དྲག་ཏུ་བུད་འགྲོ”
“ ཡ་ལགས”

         ཡང་ཉིན་འགའི་རྗེས་སུ། ཆུང་མས་ཁྲིད་དེ་ཚེ་བྷ་སྨན་ཁང་འདིར་ཐོན་བྱུང་། ཚེ་བྷས་ནད་ཁྲིའི་སྟེང་ནས“སྨན་པ། ངའི་པུས་མོ་དྲག་སོང་། འོན་ཀྱང་ངའི་མཁལ་མ་ཤིན་ཏུ་ན་ཀིན་འདུག” 
“འེ། ཁྱོད་ཀྱི་མཁལ་མར་དངོས་གནས་གནད་དོན་འདུག ཡིན་ཡང་སྐྲག་མི་དགོས། ལེན་མེ་སུའུ་རེ་བཞི་བརྒྱབ་ན་དྲག་སྲིད།”
         ཐེངས་འདིས་སྨན་སྦྱོར་གྱིས་ཁོའི་ལུས་སྟེང་གི་འབུ་ཕྲ་མཐའ་དག་རྨེག་མེད་དུ་བཅོམས་སོང་། ཉིན་འགའ་འདས་རྗེས། ཚེ་བྷ་བརྟག་དཔྱད་ཁང་དུ་ཁྲིད་ཅིང་། ཤེས་གསལ་ལྟར་ན་ཁོའི་ལུས་ནང་དུ་སྲིན་འབུ་གསོན་པོ་གཅིག་ཀྱང་མི་འདུག་རྐྱེན་ལུའུ་མེ་སུའུ་འབོར་ཆེན་གྱིས་ད་གཟོད་ཁོའི་སྲོག་སྐྱོབ་ཐུབ་པར་འདོད། དེ་ལྟར་བསྒྲུབས་ནས་ཅང་མ་འགོར་བར་ཁོ་རང་ཕྱི་མའི་ཡུལ་དུ་ཆས་སོང་།

         ཕྱི་མའི་ཡུལ་ནས་ཁོས་གཤིན་རྗེ་ཆོས་རྒྱལ་ལ“མཁྱེན་ལགས། ང་ཅི་ལྟར་ཤི་བ་རེད།”
ཆོས་རྒྱལ་གྱིས་ཕངས་སེམས་ཀྱི་ཚུལ་བསྟན་ནས“འབུ་སྦྲང་ཞིག་གིས་བསད་པ་རེད།”
“འབུ་སྦྲང་།…”ཁོས་ཡིད་ཆེས་དཀའ་བར་གྱུར། “ཁྱོད་ཀྱི་རྣ་བར་འབུ་སྦྲང་ཞིག་གིས་སོ་བཏབ་པ་རེད།”