དྲིན་ཕ་མ་ཉི་ཟླ་རྙེད་མེད་རེད། (ཞར་བཀོད་ཅིག)

རྩོམ་པ་པོ།:ཨ་རྟ་མགྲིན་སྐྱབས། 2012-07-10
མཚོ་སྔོན་པོ་དྲ་བ།

 

丹正加

སྐྱེས་མིང་། ཨ་རྟ་མགྲིན་སྐྱབས།
འཛིན་གྲྭ 2011ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭ
ཕ་ཡུལ། ཀན་ལྷོ་བླ་བྲང་།

དྲིན་ཕ་མ་ཉི་ཟླ་རྙེད་མེད་རེད། (ཞར་བཀོད་ཅིག)

  དགུན་གསུམ་གྱི་ཁ་བ་ལྷབ་ལྷུབ་འཚུབ་པའི་དགུན་ཟླ་ཞེ་ནག་ས་གཞི་ཨ་མའི་ཕང་བ་རུ་འདར་སིག་སིག་གི་ཁོག་འདར་གྲངས་མེད་དང་ལྷན་དུ་སྐྱོད་དང་བསྐྱོད་བཞིན་པའི་ང་ཚོ་ནི། བྱམས་ལྡན་ཨ་མ་ཞིག་གི་ཟླ་དགུ་ཞག་བཅུའི་ངལ་དུབ་ཀྱི་ཐུ་འོག་ནས་ལང་ཚོའི་གཉོམ་ལག་རྒྱས་པའི་གཅེས་ཕྲུག་ལང་ཤོར་ཏག་ཏག་ཡིན་ལ་བརྩེ་ལྡན་ཨ་ཕ་ཞིག་གི་སེམས་ཚེགས་དང་ལྷག་བསམ་གྱི་མངལ་ཏུ་སྦྲུལ་པའི་བྱིས་པ་སྣབས་ལུག་འབའ་ཞིག དེ་ཡང་དུས་རབས་གསར་བའི་ཉག་ཁ་ན་འཛུམ་གྱིན་པ་དེ་ང་ཚོ་ཡིན་ན་ཁ་ཆར་གཉིས་འཐུང་གི་ཕ་མ་ཚོས་ང་ཚོར་དྲོད་འཇམ་བྱིན་པ་ནམ་མཁའི་འཇའ་ཚོན་དུ་ཤར་བའི་ངེས་པ་ག་ལ་ཡོད། མི་རབས་གསར་བ་ཞིག་གི་ཁ་གཡེང་འབོད་གྱིན་པ་དེ་ང་ཚོ་ཡིན་ན། ང་ཚོ་ཉི་འོད་ལ་འཁྱུད་ཅིང་ལྗང་མདོག་ལ་ཞེན་ཚེ། དུས་ཚིགས་སྟུག་མོའི་ཁ་གཏད་དུ་ལངས་པའི་ཕ་མ་ཚོ་ང་ཚོའི་རྒྱབ་ཡོལ་ན་ངར་སྐད་སྒྲོག་པ་དེ་མི་ཐོས་པའི་ངེས་པ་མེད།
  དཔྱིད་གསུམ་གྱི་ལྗང་མྱུག་དང་རེ་བཞག་གི་ས་བོན་གྱིས་ས་ཆེན་པོའི་བྱང་གཞུང་བཤགས་པའི་དུས་ཚིགས་སུ་གངས་རི་ར་བས་ཡོངས་སུ་བསྐོར་བའི་བསིལ་ལྡན་ཁ་བའི་ཡུལ་འདིར་འཚོ་ཞིང་བཞུགས་པའི་ཕ་མ་ཚོས་ང་ཚོ་བྱིས་པ་བསམ་མེད་དག་ལ་མིག་རིག་རིག་གིས་བལྟས་ཡོད་ལ་རྣ་ཅོར་ཅོར་གྱིས་རྒྱལ་ཁའི་དགོད་སྒྲར་ཉན་ཡོད། ད་དུང་ནོར་ལུག་གི་སུག་རྗེས་སྙེགས་པའི་ཨ་ཕ་དང་འབྲུ་དྲུག་གི་སྙེ་མར་འཁྱུད་པའི་ཨ་མ་རྒན་མོ་ཚོའི་ཐོད་པའི་གཉེར་མར་འཁྱུད་པའི་རྔུལ་ཆུ་གཡས་འཁྱིལ་གཡོན་འཁྱིལ་གྱི་གར་སྟབས་བསྒྱུར་བའི་འཁྲབ་ཚན་འདིར་དུས་གཏན་དུ་དཀའ་སྣང་ཞིག་འདོད་མི་སྲིད། བྱིས་པ་པྲ་ཚགས་སྐོར་ཞིག་གི་ཚིག་མདའ་རྣོན་པོའང་སེམས་པ་ལྷོག་ལྷོག་གིས་འགོག་མི་ཐུབ་པ་ཅི། འདི་ནི་བྱམས་དང་སྙིང་རྗེས་ཡོངས་སུ་བརླན་པའི་ཕ་ཞིག་གི་ལྷག་བསམ་དང་བུ་ཕྲུག་ལ་བཅངས་པའི་བརྩེ་སེམས། རབ་དཀར་སེམས་ཀྱི་ཕུགས་འདུན་འབའ་ཞིག དེ་ལྟ་ན་རྣམ་གཡེང་བུ་མོ་གྲོགས་སུ་བཀུག་ཅིང་ལེ་ལོའི་འཕྱར་ལྭ་ཐང་དུ་འཕྱན་པའི་ང་ཚོའི་སློབ་བུ་སྐོར་ཞིག་གིས་ཉིན་མཚན་དབྱེར་མེད་དུ་ང་མིན་རབས་དང་ང་འཆུག་མེད་རབས། ང་སྡུག་རབས། ང་སུན་རབས་ཀྱི་ལབ་བརྡོལ་འདི་དག་དུས་ནམ་ཞིག་གི་ཚེ་མཇུག་རྫོགས་སྲིད་དམ། དུས་ནམ་ཞིག་གི་ཚེ་ན་བྱིས་པ་བསམ་མེད་འདི་དག་གིས་ལག་པ་དགུང་ལ་འཕྱར་ཅིང་སྐད་གདངས་མཐོ་རུ་བཏེགས་ནས་དྲིན་ཕ་མ་ཉི་ཟླ་རྙེད་མེད་རེད་ཅེས་སྨྲ་བར་སྤོབས།
  སྟོན་གསུམ་གྱི་འབྲས་བཟང་ཁུར་དུ་ལྕི་བས་མགོ་བོའང་ཐུར་དུ་སྒུར་བའི་སྡོང་ལོ་དང་སྙེ་མ། འབྲུ་དྲུག་གི་མགོ་ལྕོག་དག་རླུང་རྒྱུན་དང་འགྲོགས་ནས་ཕར་གཡོ་ཚུར་གཡོ་བྱེད་པའི་ཚེ། གཡུར་དུ་ཟ་བའི་མེ་ཏོག་གི་འབྲས་བཟང་དག་བྱམས་ལྡན་གྱི་ཕ་མ་ཚོས་ལོངས་སུ་མི་སྤྱོད་པར་ལེ་ལོའི་སྒྱིད་ལུག་གི་བོང་རྒན་དག་ལ་སྐྱེལ་ཡོང་ཚེ། ང་ཚོའི་སེམས་སུ་ཇི་ལྟ་བུའི་ཚོར་སྣང་སྦྱིན་སྲིད། འདི་ནི་ང་ཚོའི་ནོར་འཆུག་འབའ་ཞིག་རེད། ང་ཚོ་ནི་སྔར་བཞིན་ནོར་འཆུག་དང་འགུལ་མེད་ལ་བསྔས་ནས་གཉིད་ཚད་མ་རེད། ང་ཚོ་ངེས་པར་དུ་རྨོངས་གཉིད་ལས་སད་དགོས། ང་ཚོས་ངེས་པར་དུ་ངེས་དོན་གྱི་ཉི་ཟླ་ཟུང་ལ་བདེན་དོན་གྱི་དམངས་གླུ་ཞིག་བླངས་ན་འགྲིག སྙིང་ཉེ་བའི་ཨ་མ་ལགས། དྲིན་ཆེ་བའི་ཨ་ཕ་ཞེས་པའི་རོལ་དབྱངས་ལ་འཁྱུད་ནས་ངག་སྙན་མོའི་དམངས་གླུ་ཡི་སྤྲོ་སྐྱིད་ལ་ཐེངས་ཤིག་རོལ་ཅིག
  དབྱར་གསུམ་གྱི་སྦྲང་ཆར་ཟམ་ཟུམ་འཇོ་བའི་དབྱར་ཟླ་དྲུག་པ་ནི་སུམ་རྩེན་ལྷ་ཡི་ཕོ་བྲང་མི་ཡུལ་ལ་འཕོས་བ་དང་གཉིས་སུ་མ་མཆིས། ཕ་མ་ཚོ་དབྱར་ཟླ་དྲུག་པའི་མེ་ཏོག་བཞིན་བཞད་ཚེ་གཅེས་ཕྲུག་ལང་ཤོར་དག་སྦྲང་མ་བཞིན་བབས་འགྲོ་ལ་ཕ་མ་ཚོའི་འཁྲེང་སེམས་ཀྱི་ཆུ་མོ་བཞུར་དུས་ངན་པ་སྐྱག་ལང་ཚོའི་ལན་ཆགས་ཀྱི་ཉ་མོ་འཁྱུག་འགྲོ། འདི་ལྟར་ཤ་ཟ་ཁྲག་འཐུང་གི་དམུ་རྒོད་དག་ལ་འགྱོད་གདུང་གི་ཕྱིར་མིག་གིས་བལྟ་དུས་སེམས་པ་འདི་གྲང་ཤུར་ཤུར། འཁྱག་སུབ་སུབ སེམས་པ་རྣལ་དུ་ཕབ་ནས་བསམ་བློ་ཞིག་བཏང་ན་ང་ཚོ་དབྱར་ཟླ་ཞིག་གི་དཔལ་ཡོན་ལ་འཁྲེང་ནས་སང་ཉིན་གྱི་འཕྲེང་རིང་འགྲིམ་དགོས། ང་ཚོ་ནི་དྲང་བདེན་དང་གནས་ལུགས་ཀྱི་གསེབ་ཏུ་འཚང་ནས་མ་རབས་གདོན་གྱི་བུ་ཕྲུག་དག་ལ་རྒྱང་འབོད་ཐེངས་གཅིག་བཏང་ན་འོས། 
  ང་ཚོ་ལ་བྱམས་ལྡན་ཕ་མ་ཚོའི་ནུ་ཞོ་དང་བརྩེ་སེམས་མཁོ་ལ་བརྩེ་ལྡན་ཨ་ཕའི་ཁ་ཏ་དང་མཛུབ་སྟོན་ལོས་དགོས། དེ་བས་ན། བྱམས་ལྡན་ཕ་མ་ཚོའི་ཉག་ཕྲ་བའི་སྐྲ་ལོ་དང་ཐོར་ལ་ཉེ་བའི་དུང་སོ་དཀར་པོར་དུས་དང་མཐུན་པའི་ཚོན་རྩི་བྱུགས་དགོས་ལ་རྒས་གཉེར་གྱིས་ཁེངས་པའི་གདོང་རུས་ལ་དུས་དང་མཐུན་པའི་འཛུམ་མདངས་དང་ཕྱིས་འབྱུང་གི་ལོ་ཟླ་ལ་བདེ་སྐྱིད་ཀྱི་འོད་སྣང་བསྩོལ། ཁོ་ཚོར་མཁོ་བ་ཁྱོད་དང་ང་ཡི་ཡ་ཆུང་ན་དྲག་ཏུ་ལྡིང་བཞིན་པའི་སྙིང་གསོན་པོ་དེའོ།། དེ་རིང་། བདག་ཁྱེད་དང་ཁ་གཏད་དུ་འགྲེངས་དུས། ངས་ནི་ཕ་མ་དྲན་པའི་གདུང་བ་དེ་ཡང་མིག་ཆུ་རུ་སྒོམ་ནས་ཁྱེད་ཀྱི་སྙིང་ཁོང་རུས་པའི་གཏིང་སིམ་ན་དགའ་བ་ལ། ས་སྒང་ཧྲིལ་བོའི་སྟེང་འཚོ་བཞེས་ཀྱི་གོམ་པ་སྤོ་བའི་གང་ཟག་སུ་དང་གང་ཡིན་པར་འཇིག་རྟེན་ན་ཆེས་བརྗེད་དུ་མི་རུང་བ་ནི་ཕ་མའི་བཀའ་དྲིན་ལགས་པས་བཀའ་དྲིན་རི་རབ་ཀྱི་དཔང་ལས་མཐོ་བ་སྙན་མོ་ཞིག་གིས་གླུ་ངག་གིས་མཆོད་པ་འབུལ། 
  མཇུག་མཐར་སློབ་གཉེར་གྱི་ར་བ་ནས་ཀ་ཁའི་གླུ་དབྱངས་ངག་ལ་གྱེར་བའི་སློབ་བུ་ངས་ཉིན་བཟང་སྐར་བཟང་གི་གོ་སྐབས་འདི་དང་བསྟུན་ནས་འཇིག་རྟེན་གྱི་ཕ་མ་སུ་དང་གང་ཡིན་ཡང་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བསམ་དོན་མཐའ་དག་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་དང་བཅས་ཁྱེད་ཉིད་ཀྱི་ལྷག་བསམ་གངས་རི་ལས་ཀྱང་དཀར་ལ། ཁྱེད་ཉིད་ཀྱི་མཛད་པ་ནི་ཉི་ཟླ་ལས་ཀྱང་རླབས་ཆེ་བ་ཅང་མེད་བུ་ལོ་བུ་ཕྲུག་ཁྲི་སྟོང་མང་པོའི་ཚབ་བྱས་ཏེ་སྒོ་གསུམ་གུས་པས་གུས་འདུད་ཞུ་ཞུ།

མཐོ་གཉིས་ཀྱི་ཐེམ་སྐས།

  ང་མཐོ་གཉིས་ཀྱི་ཐེམ་སྐས་འགྲིམ་བྱུང་།
  རང་དབང་དང་བདེན་དོན་གྱི་མིང་ཚིག་འདི་ངའི་སྨྲ་སྒོ་ན་ནང་སེམས་ཀྱི་མངར་སྐྱུར་སྐ་གསུམ་ལ་རོ་མྱོང་བྱེད་པའི་ཁ་སང་གི་གཏམ་རྒྱུད་ཡིན་ལ་སྐྱོ་གདུང་དང་སྟོང་འདང་གིས་མནར་བའི་དེ་རིང་གི་མནོ་བསམ་ཀྱང་ཡིན།ད་དུང་རེ་བ་དང་ཡིད་ཆེས་སྦྲུམ་པའི་བསིལ་ལྡན་བྷོ་ཊའི་ལྗོངས་ཀྱི་གངས་བུ་ཞིག་གི་སང་ཉིན་གྱི་སྨོན་འདུན་ཀྱང་ཡིན། སྲོད་དུས་ཀྱི་མཚམས་སྤྲིན་རི་ལུང་དུ་མ་འཁྱུད་གོང་།    ང་ལ་དགེ་རྒན་གྱིས་བཤད་དོན།ཁྱོད་ཀྱིས་འབད་པ་བྱོས།བརྩོན་པ་མ་ལྷོད།འཇིག་རྟེན་གྱི་མི་བུ་རེ་རེར་སྤྲོ་སྣང་བསྩོལ་སྐད།  དེ་རིང་ངའི་སྙིང་ཆུང་གི་འཕར་ལྡིང་བར་ནས་ཅི་ཡང་འགྲུབ་མ་སོང་ལ་ཅི་ཡང་འཁྱོངས་མ་མྱོང་།ངའི་ཞུམ་པ་མེད་པའི་སྙིང་སྟོབས། ངའི་ཉམས་པ་མེད་པའི་ཟིལ་ཤུགས། ངའི་འཛད་མཐའ་མེད་པའི་སྤོབས་པ།ངའི་ཡོད་ཚད་ཀྱི་ཡོད་ཚད་གང་ཞིག་ཏུ་བཞུད་སོང་།ཁོ་མོས་སྙིང་དུ་མི་སྡུག་པའི་འཁྲེང་སེམས་ཤིག་ཀྱང་ཤུགས་ཀྱིས་སྐྱོར་བཞིན་པའང་ཚོར་བྱུང་།ངས་ཀྱང་ཁོ་མོ་ཡིད་ཆད་དུ་འཇུག་ན་མི་འདོད།འོན་ཀྱང་དེ་རིང་གི་ང་ལ་མཚོན་ན་ཐོབ་པ་ལས་ཤོར་བ་མང་འགྲོ་ལ་རྒྱལ་བ་ལས་ཕམ་པ་མང་འགྲོ གང་ལྟར། སློབ་ཁང་གི་སྲུབས་ཀ་ང་ལ་དབང་ན་ཡང་།ཁེར་རྐྱང་གི་སུན་སྣང་སུ་ལ་བརྗོད།
  ང་མཐོ་གཉིས་ཀྱི་ཐེམ་སྐས་འགྲིམ་བྱུང་།
  ཉི་འོད་གོས་སུ་བསྟེན་ཅིང་ཟླ་འོད་ཟས་སུ་ཟ་བའི་ང་ནི།གཙང་ངོགས་སུ་བཞུད་པའི་ཁེར་རྐྱང་གི་ཟླ་བ་ནང་བཞིན།སྤྲོ་སྣང་མེད་ལ་སྐྱོ་གདུང་ཀྱང་མེད་པས་ངའི་སེམས་ནི་རྣམ་ཤེས་བྲལ་བའི་བེམ་པོ་ཞིག་དང་ཀུན་ནས་འདྲ་ཨང་། དོན་དངོས་སུ་འདི་ནི་དགུ་ཚིགས་སྐྱ་མོའི་ཕར་ངོགས་ཀྱི་སྟོང་འདང་སྐྱུར་བོ་སྟེ་རྣམ་ཤེས་བྲལ་བའི་བེམ་པོ་ལས་ཀྱང་ཐུ།  འོན་ཀྱང་སློབ་གྲོགས་ཚོ་སྤྲོ་བས་འཚོ་ལ་ནམ་རྒྱུན་སུ་ཞིག་གི་ཚེམས་ཕྲེང་གྲལ་དག་པའམ་མིག་ལ་མཚར་བ་སོགས་ཁོ་ཚོའི་འཛུམ་ཆུང་ལས་གསལ་བཤད་བྱེད་འགྲོ།    ངས་ཁོ་ཚོའི་འཚོ་བ་དེའང་ང་ལ་དབང་ཆོག་ཆོག་གི་སྤྲོ་སྐྱིད་གཞལ་ཡས་ཁང་ཡིན་པ་རྟོགས།         
  ངས་ཀྱང་རྩིས་ཚན་སློབ་མར་གངས་རི་ལས་དཔངས་མཐོ་ཞིང་ཆུ་བོ་ལས་རྒྱུན་རིང་བའི་བསམ་བློ་མེད་ཀྱང་དྲ་བ་ལྟ་བའི་འདྲི་གཞི་རེ་འགྲོལ་ཐུབ་པས་ཆོག་པའང་རྟོགས།  ངས་ཀྱང་སྨུག་རྒྱུའི་གྲོང་ཁྱེར་ན་ཟླ་བ་ཞིག་ཡོད་པའང་རྟོགས།ཡིན་ན་ཡང་།  ངའི་དུང་སོ་སུམ་ཅུའི་སྒྲིག་རིམ་འཐོར་ཅིང་དབང་བོ་རྣམ་ལྔའི་ཚོར་བ་ཉམས་ཀྱང་།  རྟོགས་སད་ཀྱི་ཤེས་པ་ཡོད་དོ་ཅོག་སྟོང་བསམ་ལས་མ་འདས་ལ་ཡོད་ཡོད་འདྲ་བའི་རྨི་ལམ་དང་།འཛོམས་འཛོམས་ལྟ་བུའི་འཕྲུལ་སྣང་ལས་ཅི་ཡང་དབེན།
  ང་ལ་ཀུ་རེ་མེད་ལ་དགོད་སྒྲའང་མེད་པའི་གོང་ཚིགས་སུ།ཕྱི་རོལ་གྱི་རླུང་འཚུབ་ནི་གདུག་རྩུབ་ཆེ་བའི་རྔོན་པ་ཞིག་དང་འདྲ་བས།སློབ་ཁང་གི་སྲུབས་ནས་འཛུལ་འོང་བའི་གྲང་རླུང་འཁྱག་སུབ་སུབ་ཀྱིས་བདག་གི་བྲང་གཞུང་དུ་ལྡང་འོངས། བར་སྐབས་འདི་དག་ལ་ངས་སློབ་གྲོགས་ཀ་བར་རིག་ཚན་འཛིན་གྲྭའི་གཏམ་རྒྱུད་འཆད་དུ་བཅུག་ཅིང་།ཕྱོགས་གཅིག་ནས་སློབ་གྲོགས་ཀ་བའི་བསམ་གཞིགས་དང་བློས་བསླངས་ཀྱིས་ཕྱུག་པའི《སྤྲུལ་སྐུའི》དུས་རབས་ཀྱི་རྒྱབ་ལྗོངས་ལ་ཉན་པ་དང་། ཕྱོགས་གཞན་ཞིག་ནས་ཉེ་འགྲམ་གྱི་ལྷད་མེད་དྭངས་གཙང་གི་མཁའ་དབུགས་རྔུབ་པ་ཡིན།  དྲང་མོར་བཤད་ན།  ང་རིག་ཚན་སློབ་མའི་འཚོ་བར་ཡིད་སྨོན་སྐྱེས།ང་རིག་ཚན་སློབ་མའི་བདེན་དོན་གྱི་ལས་ལ་ཧམ་པ་ཟ།རྩིས་ཚན་སློབ་མ་ཞིག་གི་ངོས་ནས།ང་ལ་ཁེར་རྐྱང་དང་སྒྱིད་ལུག་གི་མྱ་ངན་གྲངས་མེད་སྐྱེལ་ཡོང་།ང་ལ་དྲན་གདུང་དང་སྟོང་འདང་གི་བུ་ལོན་ལྕི་མོ་འཁོར་ཡོང་།ངའི་བསམ་བློ་དང་རྟོགས་པར་སྨུག་པ་སྟུག་པོ་ཞིག་འཐིབས་ཡོང་བས། བར་སྣང་ནས་འཕུར་ཡོང་བའི་རྐང་རྩེ་སྤོ་ལོའི་དབྱེ་ཞིབ་ཀྱི་ནུས་པ་སོགས་རི་བོང་གི་རྭ།  མཁའ་ཡི་པད་མོ།
  ང་མཐོ་གཉིས་ཀྱི་ཐེམ་སྐས་འགྲིམ་བྱུང་།
  ངའི་ཚོར་བར་ང་ངོ་མ་སྨྲེང་རྒྱུ་ཞིག་ཡོང་།ཕུད་དཀའ་བའི་དབྱར་གནང་དང་དགུན་གནང་།ད་དུང་གཟའ་ཉི་མའི་ཉིན་དག་ཏུ་ང་ལ་བསམ་གཞིག་ལ་གཤོག་རྩལ་མ་རྒྱས་པའི་གཤོག་པ་འདི་མེད་ན་བསམ།ང་ལ་རྟོགས་སད་ལ་སྲོག་མ་ཞུགས་པའི་མིང་བྱང་འདི་མེད་ན་བསམ།གང་ལྟར།  སོམ་ཉི་དང་སྐྱོ་སྣང་གིས་གཟིར་བའི་སྡུག་བསྔལ་འདི་དམྱལ་ཟངས་བཅོ་བརྒྱད་ལས་ཀྱང་ཐུ།ང་སྨྲེང་རྒྱུ་ཞིག་ཡོང་།ཐལ་མདོག་རྨི་ལམ་གྱི་ཞིང་ནས་བགྲང་གིས་མི་ལངས་པའི་མཉམ་བྱའི་ཚུལ་གྱིས་ཁབ་བཙག་དང་འབིག་བཙག་གིས་བདེ་བར་གཉིད་དུ་འཇུག་མི་སྲིད་ལ་སྐད་གདངས་མཐོ་རུ་བཏེགས་ནས“འགྲོལ་ཐོབ་མེད།  འགྲོལ་ཐོབ་མེད”ཅེས་པའི་ཐ་ཚིག་ཀྱང་བསྒྲགས་ངེས།ང་ངོ་མ་སྨྲེང་རྒྱུ་ཞིག་ཡོང་།  ངས་མང་པོ་མང་པོ་ཞིག་ལོ་ཟླའི་རྡོག་སྒྲས་གནོན་བཞིན་ཉུང་ངུ་ཉུང་ངུ་ཞིག་གི་སྣེ་མོར་འཇུ་དུས།ངའི་གཤིས་ཀ་རླུང་ནང་གི་མར་མེ་ཡིན། དོན་དངོས་སུ་ངའི་རང་གཤིས་སུ་གྲུབ་པ་གཟེབ་ནང་གི་བྱེའུ་ཇི་བཞིན་འཕུར་འདོད་ཀྱང་འཕུར་དབང་ཞིག་གང་ན་ཡོད།འདི་ལྟར་ཡོད་ཚད་ཀྱི་ཡོད་ཚད་རང་ཉིད་ཀྱི་དམིགས་འབེན་གྱི་དུ་ངས་དགོད་ཞོར་དང་ངུ་ཞོར་སྨྲེང་གླུ་རེ་ལེན་ལ།འདས་ཟིན་པ་དང་ཤོར་ཟིན་པའི་ཚུར་རོལ་ནས་ངས་འགྱེལ་ཞོར་དང་ལངས་ཞོར་རྡོག་བྲོ་རེ་རྒྱག  ཡིན་ན་ཡང་།  བརྒལ་དཀའ་བའི་རི་ཆུ་སྟོང་གི་ཕ་རོལ་ན།  ང་མཐོ་རྒྱུགས་ལ་ཞུགས་པའི་ཡིད་ཆེས་སང་ཉིན་གྱི་སྤུ་གྲི་སོ་གཉིས་མའི་སོ་ཁ་ན་ཚུད།  ད་དུང་རྒྱང་རིང་རྒྱང་རིང་ན་འཛུམ་དམུལ་དམུལ་དགོད་གྱིན་འདུག  དེའི་རྐྱེན་པས།  ངའི་ཕུགས་འདུན་ཐམས་ཅད་སྟོང་འདང་གིས་ཟད་ཅིང་།  ངའི་སྟོབས་ཤུགས་ཡོད་ཚད་སྐྱོ་སྣང་གིས་ཟས་ཚར།ང་ལ་རང་དབང་གིས་གཅེས་སྐྱོང་གནང་རོགས།ང་ལ་བདེན་དོན་གྱིས་རམ་འདེགས་མཛོད་ཅིག
  ང་མཐོ་གཉིས་ཀྱི་ཐེམ་སྐས་འགྲིམ་བྱུང་། 
  སྟོན་མཇུག་གི་མཚན་མོ་ཧ་ཅང་འཁྱག་ལ་ཉི་མ་ནི་གནས་ཡུལ་སྙེག་པའི་བུ་མོ་ཞིག་དང་འདྲ་བར་ནུབ་ཕྱོགས་རི་བོའི་ཕྲག་གོང་ནས་དལ་བ་དལ་བུར་བཞུད་ལ་ཉེ།  མཚམས་སྤྲིན་དམར་པོའི་ཉི་ཟེར་དང་ལྷན་དུ་ང་ལ་ལྷ་དཀོན་མཆོག་གི་མཛད་པ་དང་ལུང་བསྟན་གྱིས་སྤུ་གྲི་སོ་གཉིས་མའི་སོ་ཁ་ནས་ཐར་ལམ་རེ་སྟོན་སྲིད་དམ།