མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:ཨ་རྟ་མགྲིན་སྐྱབས། 2012-07-11
མཚོ་སྔོན་པོ་དྲ་བ།


མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་།

         མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་ནི་སློབ་གྲྭ་གཅིག་དང་པུའུ་གཉིས་ཀྱི་རྨང་གཞིའི་སྟེང་ཟླ་སྒྲིལ་གྱིས་བཙུགས་པའི་ཐིན་གཞོན་པའི་རིམ་པ་གཉིས་པའི་སློབ་གླིང་ཞིག་ཡིན་ལ། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ལྗོངས་ཞིང་ལྔ་ལ་ཚད་ལྡན་གྱི་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་དང་སྤྱི་ཚོགས་ལ་ཉེ་བར་མཁོ་བའི་དཔལ་འབྱོར་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་དེ་གཙོ་བོར་བཟུང་ཡོད་ལ། སློབ་ཁྲིད་ལ་བརྟེན་ནས་སློབ་གྲྭ་སྟོབས་ལྡན་ཅན་དུ་གཏོང་བ། ཤེས་ལྡན་པར་བརྟེན་ནས་སློབ་གྲྭ་སྒྲུབ་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་སློབ་གསོ་གཙིགས་ཆེར་འཛིན་པའི་འདུ་ཤེས་དང་སློབ་ཁྲིད་སྙིང་འཛིན་འདུ་ཤེས། སྤུས་ཀ་རྐང་འཛིན་འདུ་ཤེས། རྩལ་ནུས་འཚོ་གནས་འདུ་ཤེས། སྐད་གཉིས་ཀྱི་ཁྱད་ཆོས་འདོན་པའི་འདུ་ཤེས་སོགས་ཇེ་བརྟན་དུ་གཏོང་བཞིན་ཡོད།
         མིག་སྔའི་སློབ་སྒྲུབ་རྣམ་པ་ནི། ཟི་ལིང་སློབ་ཁུལ་དུ་མི་རིགས་དངོས་གཞིའི་སློབ་གསོ་དང་ཞིབ་འཇུག་སློབ་མའི་སློབ་གསོ། མཚོ་ལྷོ་སློབ་ཁུལ་དུ་ཆེད་སྦྱོང་སློབ་གསོ་གཙོར་འཛིན་སྒོས་གྲ་སྒྲིག་སློབ་གསོ་དང་དར་མའི་སློབ་གསོ། ཕྱི་འགྲིམ་སློབ་མའི་སློབ་གསོ་བཅས་ཤུགས་ཆེན་པོས་སྤེལ་བཞིན་ཡོད།  སློབ་གླིང་འདིར་ད་ལྟ་སློབ་ཁུལ་གཉིས(མཚོ་ལྷོ་སློབ་ཁུལ་དང་ཟི་ལིང་སློབ་ཁུལ) ཡོད་ཅིང༌། ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་རྩིས་ཚན་གྱི་དགེ་རྒན་གསོ་སྦྱོང་ལྟེ་གནས་དང་ཀྲུང་གོའི་སློབ་གྲྭ་ཆུང་འབྲིང་གི་ལྗང་མདོག་སློབ་གསོ་ལྟེ་གནས་གཉིས་ཀྱང་སློབ་གླིང་འདིར་བཙུགས་ཡོད། ད་ལྟ་སློབ་གླིང་འདིར་དགེ་བཟོ་བ211དང་སློབ་མ2314ཡོད། སློབ་གླིང་ལ་ད་སྔ་བོད་ཀྱི་རྩོམ་རིག་དང་བོད་ཀྱི་སྐད་ཡིག  བོད་ཀྱི་རྩོམ་རིག་སྒྱུ་རྩལ་བཅས་ཀྱི་རབ་འབྱམས་ཞིབ་འཇུག་ཁ་ཕྱོགས་གསུམ་ཡོད་པའི་སྟེང༌། བོད་ཀྱི་སྐད་ཡིག་རྩོམ་རིག་དང་བོད་རྒྱ་སྐད་གཉིས་གྲངས་རིག བོད་རྒྱ་སྐད་གཉིས་དངོས་ལུགས། བོད་རྒྱ་སྐད་གཉིས་མི་གཞུང་སློབ་གསོ། དབྱིན་ཡིག(བོད་དབྱིན)བཅས་དངོས་གཞི་དགེ་ཐོན་ཆེད་ལས8དང༌། བོད་རྒྱ་སྐད་གཉིས་དམའ་རིམ་སློབ་གསོ་དང་དབྱིན་ཡིག(བོད་རྒྱ་དབྱིན་ཡིག་ཁ་ཕྱོགས)སློབ་སྔོན་སློབ་གསོ་བཅས་ཆེད་སྦྱོང་དགེ་ཐོན་ཆེད་ལས3།  དེ་མིན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཉེ་བར་མཁོ་བའི་དགེ་ཐོན་མིན་པའི་ཆེད་ལས་སོགས་ཡོད།
         དུས་ཡུན་རིང་པོའི་བོད་རྒྱ་སྐད་གཉིས་སློབ་གསོའི་ཞིབ་འཇུག་བརྒྱུད། སློབ་གླིང་འདིས་བོད་རྒྱ་སྐད་གཉིས་དགེ་ཐོན་སློབ་གསོའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་བླངས་ཏེ། བོད་ཀྱི་སློབ་གསོ་དང་ཚན་རྩལ། རིག་གནས། དཔལ་འབྱོར་སོགས་ཀྱི་འཕེལ་རྒྱས་ལ་ནུས་པ་བླ་ལྷག་བཏོན། སློབ་གླིང་འདིས་ད་ལྟའི་བར་བོད་ཁུལ་དུ་འགྲོ་བར་སྤོབས་ཤིང་རྐང་ཚུགས་ཐུབ་པ། ལས་ཆོད་ལེགས་པའི་ཆེད་ལས་ཤེས་ལྡན་མི་སྣ6000ལྷག་གསོ་སྐྱོང་བྱས་པས་རྒྱལ་ཡོངས་བོད་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་གསོའི་སློབ་ཁྲིད་ཐད་ནས་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གོ་གནས་དང་སྤྱི་ཚོགས་ཤུགས་རྐྱེན་བཞག་ཡོད་དོ།།