བྲག་དཀར་ཐེམ་ཆེན།

མཚོ་སྔོན་པོ་དྲ་བ།

 

རུས་མིང་། ཨ་འཁོར་སངས་རྒྱས་རྒྱ་མཚོ།
འཛིན་གྲྭ 2008ལོའི་གྲངས་རིག་འཛིན་གྲྭའི་སློབ་བུ་ཨ་འཁོར་སངས་རྒྱས་རྒྱ་མཚོ།
ཕ་ཡུལ། ཀན་ལྷོ།


རྡོ་སོལ་གྱི་རྡུལ་དང་དུ་བ་སོགས།
རླུང་ནག་འཚུབ་མའི་རམ་འདེགས་འོག
ག་ས་གང་དུ་རྒྱུ།
སྤང་སྔོན་མོའི་ཁ་དོག་སྔ་མོ་ནས་བཅོམ་ཟིན་ལ།
ལུག་གཡང་དཀར་གྱི་བལ་ཡང་ཁ་མདོག་བསྒྱུར་ཟིན།
 
དྭངས་གཙང་གི་ཆུ་བོ།
གཡུ་མདོག་གི་ནམ་མཁའ།
ཡོད་ཚད་སྐྱ་ཆད་སྔོ་སྡུག་གི་གནས་སུ་བསྐྱལ།
 
འདི་ལྟ་བུའི་ཁོར་ཡུག་ན།
བྲག་དཀར་ཐེམ་ཆེན།
ཁྱོད་ཀྱི་དབུ་ཞྭ་གང་ན་ཡོད།
ཁྱོད་ཀྱི་བརྗིད་ཉམས་སུ་ཡིས་འཕྲོག
 
ཇི་ལྟར་བལྟས་ཀྱང་།
ཁྱོད་ནི་མ་རྩ་རྡིབ་པའི་ཚོང་བ་བཞིན།
མགོ་བོ་སྨད་དོན་ཅི་ཡིན།
 
སྨུག་ལོང་གི་ཁྲོད་ན་གནས་པའི།
བླ་རི་དཀར་པོ།
མི་དམངས་ཚོའི་སེམས་ན་འཁྱིལ་བའི།
གནས་རི་གྲགས་ཅན།
ད་ནི་བྲག་དཀར་ཟེར་བའི་མིང་ཡང་བརྗེ་དགོས་སམ།
 
 
ས་རྡུལ་གྱི་ཀློང་ན།
ཁྱོད་ཀྱི་མཐའ་འཁོར་ན་གནས་པའི་འབྲོག་པ།
འབྲོག་སྡེ་གསར་བ།  རྟ་ནོར་ལུག་གསུམ།
ཡོད་ཚད་ཁུ་སིམ་མེར་གནས་དོན་ཅི་ཡིན།
 
བྲག་དཀར་ཐེམ་ཆེན།
རྡོ་སོལ་གྱི་རྡུལ་དང་དུ་བ་སོགས།
རླུང་ནག་འཚུབ་མའི་རམ་འདེགས་འོག
ག་ས་གང་དུ་རྒྱུ།
སྤང་སྔོན་མོའི་ཁ་དོག་སྔ་མོ་ནས་བཅོམ་ཟིན་ལ།
ལུག་གཡང་དཀར་གྱི་བལ་ཡང་ཁ་མདོག་བསྒྱུར་ཟིན།