ང་ཚོའི་གྲོང་ཚོ་དང“རྟ་ཤ”། ལྷག་པ་མཚམས་གཅོད།

རྩོམ་པ་པོ།:ལྷག་པ་མཚམས་གཅོད། 2012-09-01
མཚོ་སྔོན་པོ་དྲ་བ།

 

རུས་མིང་།  ལྷག་པ་མཚམས་གཅོད།
འཛིན་གྲྭ   2010ལོའི་བོད་ཡིག་ཆེད་ལས2པ།

ང་ཚོའི་གྲོང་ཚོ་དང“རྟ་ཤ”
         “མཚམས་གཅོད། རང་མགྱོགས་པོ་ལྟོས་ཤོག་དང་། ལུག་ར་བྱང་ལ་ཡང་གནས་ཚུལ་ཞིག་ལྷགས་པ་འདྲ། ཨོ་མཎིཔདྨེ་ཧཱུས་ཨ་མས་མ་ནི་ཡིག་དྲུག་འདོན་བཞིན་ཁྱིམ་ཚང་འདིའི་མི་རྣམས་ཀྱིས་ཚེ་སྔོན་ལས་ངན་གང་ཞིག་བྱས་པ་ཡིན་ནམ། ཨ་ཁ་ཞེས་གླེང་ནས་བསྡད། “ཨ་མ། ངས་སང་ཉིན་བལྟ་བར་ཕྱིན་ཆོག་ད་ས་ཡང་རུབ་ཟིན། ང་གཅིག་པུ་འདི་འདྲ་འགྲོ་ནུས་པ་མིན་འདུག”ཟེར་ནས་མ་ཕྱིན་པར་བསྡད།
         ལུག་ར་བྱང་ནི། ང་ཚོའི་ལུང་པའི་ཕུར་གནས་ཡོད་ལ་ངེད་གྲོང་ཚོའི་ནང་འབྱོར་པ་དབུལ་ཤོས་དང་ནམ་རྒྱུན་དུ་ཁོ་ཚོའི་ཁྱིམ་གྱི་འགྲོ་སོང་མང་པོ་ཞིག་སྲིད་གཞུང་གི་རྒྱབ་སྐྱོར་དང་གྲོང་ཚོའི་ཚོན་ཀྲང་གིས་གྲོང་པ་མི་རེ་ངོ་རེའི་ནང་ནས་བསྡུས་པ་ལས་བྱུང་བ་ཤ་སྟག་ཡིན། མ་གཞི་ང་སློབ་གྲྭ་འགྲོ་ཡི་ཡོད་ཀྱང་ལུག་ར་བྱང་གི་གནས་ཚུལ་གང་ཙམ་ཞིག་རྒྱུས་མངའ་ཡོད་སྲིད་ལ་ལོས་ཀྱང་ཡོད།
         ངོ་མ་དགུན་དུས་ཀྱི་ཞོགས་པ་ནི་ཧ་ཅང་གྲང་བས་ང་རང་རང་ཉིད་ཉལ་ས་སྐྱིད་པོ་འདི་ནས་རྩ་བ་ཉིད་ནས་ལངས་འདོད་མེད། ཡིན་ནའང་ཨ་མ་རྒད་མོས་ཞོགས་པ་སྔ་པོ་ལངས་ནས་ང་ལ་ལུག་ར་བྱང་གི་ཁྱིམ་ཚང་ལ་གནས་ཚུལ་གང་ལྷག་ཡོད་མིན་སྐད་ཆ་འདྲི་བར་འགྲོ་རྒྱུའི་རེ་བ་འདོན་པས། ངས་བཀའ་སྲུང་ཅི་སྒྲུབ་ཞུ་རྒྱུ་ལས་གཞན་ཅི་ཡང་མེད་དོ།
         “ངས་ཁྲ་ཡོལ་ཕྱེ་ནས་སྒེའུ་ཁུང་ལ་བལྟ་ཞོར། ད་ལྟ་སྔ་པོ་རེད་འདུག་སྔ་པོ་འདི་འདྲ་ནས་མིའི་སྒོ་འགྲམ་དུ་འགྲོ་ཡི་མིན། འདི་ལས་ངས་སྔོན་ལ་ཆུ་ཀ་ལའི་འགྲམ་དུ་སོང་ནས་ཆུ་ཐེངས་མ་འགའ་ཞིག་བཅུ་བར་འགྲོ་ཡི་ཡིན”ཞེས་བཤད་པས་ཨ་མས་ཀྱང་མོས་མཐུན་བྱས། སྐབས་དེ་དུས་ངའི་སེམས་ནང་སྔོན་ལ་རིའི་ཕུར་གནས་པའི་ལུག་ར་བྱང་དུ་འགྲོ་བ་ལས་ཉེ་འགྲམ་དུ་ཡོད་པའི་ཆུ་ཀ་ལའི་འགྲམ་དི་ཕྱིན་ ན། གཅིག་བྱས་ན་གནས་ཚུལ་གང་ཞིག་ལྷག་མིན་ཤེས་ཀྱི་རེད་བསམ་པའི་རེ་བ་ཞིག་འཁྱེར་ནས་ཁྱིམ་གྱི་སྒོ་ཐོན།
         སྒོ་ཐོན་ཁར“མཚགས་གཅོད་བུད་ཤིང་ཕྲན་ཙམ་འཁྱེར་ནས་རྒྱུག  སྔ་མོ་འདི་འདྲ་ནས་ཆུ་ཀ་ལ་འཁྱགས་ལོས་ཡོད”ཅེས་ཨ་མས་དེ་ལྟར་ལབ་བས། ངས་ཀྱང་བུད་ཤིང་ཕྲན་ཙམ་འཁྱེར་ནས་ཕྱིན། ང་ཆུ་ཀ་ལའི་འགྲམ་དུ་སླེབས་སྐབས་ངོ་མ་མི་གཅིག་ཀྱང་མིན་འདུག  སེམས་ནང་ཨ་མའི་བུད་ཤིང་ཏག་ཏག་བྱས་སོང་བསམས་བྱུང་།
         དེ་འཕྲལ་ཁྱིམ་མཚེས་གྱི་མནའ་མ་བདེ་སྐྱིད་ཡང་སླེབས་སོང“ཨ་ཙི། ཨོ་ལོ། འདི་འདྲའི་ སྔ་བ་ལ”ཞེས་བཤད་བྱུང་བས།  ངས་གདོང་པའི་རྣམ་འགྱུར་ཙམ་ལས་གཞན་གང་ཡང་བཤད་ མེད། དེ་འཕྲལ་ལུག་རའི་ཁྱིམ་གྱི་པ་ཕ་ཟླ་བ་དང་ནང་ཤར་གྱི་མནའ་མ་ཆོས་འཛོམས་ སོགས་གཅིག་རྗེས་གཉིས་མཐུད་ངང་སྔ་རྒྱུན་བཞིན་ཆུ་ཀ་ལའི་འགྲམ་དུ་འཛོམས།
         ཚང་མའི་ཁ་ནས་དེང་སང་གནམ་གཤིས་གྲང་པོ་འདུག་ཅེས་བཤད་པ་ལས་གཞན་གང་ཡང་མ་བཤད།  ངས་སྔོན་ལ“ཨ་ཅག་བདེ་སྐྱིད། དེང་སང་ང་ཚོའི་གྲོང་ཚོར་གནས་ཚུལ་གསར་པ་འདྲ་གང་འདུག་གམ”ཞེས་དྲིས།  ཨ་ཅག་བདེ་སྐྱིད་ཀྱིས་ལག་ཏུ་གྱོན་པའི་ལག་ཤུབས་ལ་འཕུར་ཙམ་འཕུར་ཙམ་བྱས་ནས།  གང་ཡང་ཤེས་མེད་པའི་ཚུལ་གྱིས“ཨ། ནས་ཚུལ་གསར་པ་ཡོད་རེ་ཨ”ཞེས་བཤད་འཕྲལ། ནང་ཤར་མནའ་མ་ཆོས་འཛོམས་ཀྱིས“ག་རེ། ཁྱེད་ཚོས་ཤེས་མ་བྱུང་ངམ།  མདང་ནུབ་ང་ཚོའི་གྲོང་ཚོ་ཕུའི་ལུག་ར་བྱང་གི་བུ་མོ་ཆུང་ཆུང་དེ་གྲོངས་པ་རེད”ཟེར།
         ང་ངོ་མ་ཧང་སངས་ནས“ཨ་ག་རེ། བུ་མོ་ཆུང་ཆུང་དེ་ཡིན་སྲིད་ཀྱི་མ་རེད།”ཞེས་བཤད་ནས་ ཡིད་རྩ་བ་ཉིད་ནས་མ་ཆེས་པའི་རྣམ་འགྱུར་ཞིག་བསྟན།  པ་ཕ་ཟླ་བ་ནི་ངའི་ཨ་མ་དང་འདྲ་བར་མ་ཎི་ཡིག་དྲུག་ཁོ་ན་འདོན་བཞིན་པ་ལས་གཞན་གང་ཡང་མ་བཤད། དེ་ལྟར་མི་ཚང་མ་ཚོང་འདུས་མགྲོན་པོ་བཞིན་རང་ཁྱིམ་དུ་ལོག
         ང་ནི་ཡུད་ཙམ་ཞིག་ག་བྱེད་འདི་བྱེད་མེད་པར་ཤར་རེར་ཕུང་པ་ཕུའི་ལུག་ར་བྱང་དུ་བསྐྱོད། སྒོ་འགྲམ་དུ་སླེབས་མ་ཐག  ངུ་སྐད་དང་ཁྱི་སྐད་ཟུང་འབྲེལ་གྱི་སྐད་ངན་རྣམས་རྣ་ལམ་དུ་ཐོས་པས། ངས་གཞི་ནས་ནང་ཤར་མནའ་མ་ཆོས་འཛོམས་ཀྱིས་བཤད་པར་ཡིད་ཆེས་བྱུང་།
         ཁ་སང་ངས་བུ་མོ་ཆུང་ཆུང་འདི་ལུང་པའི་ཚོང་ཁང་གི་སྒོ་འགྲམ་དུ་ང་ཚོའི་བྱིས་པ་ཚོས་དགའ་ཤོས་བྱེད་པའི“རྟ་ཤ”ཞེས་ པའི་བཟའ་བྱ་ཞིག་བཟས་ནས་བསྡད་འདུག་པ་ངས་མངོན་སུམ་མཐོང་བྱུང་། ད་ཆ་ངའི་སེམས་ནང་འདི་ནི་ནམ་ཡང་བསུབ་ཐབས་མེད་པའི་གྲིབ་གཟུགས་ཆུང་ཆུང་ཞིག་ཏུ་གྱུར། ངས་སྒོ་འགྲམ་དུ་སྐར་མ་གཉིས་ཙམ་སྒོ་བརྡུང་པས་གཞི་ནས་ལུག་ར་བྱང་གི་ཨ་ཅག་སྒྲོལ་མ་སླེབས་ནས་སྒོ་ཕྱེ་བྱུང་།
         ངས་ཨ་ཅག་སྒྲོལ་མའི་གདོང་པར་བལྟ་ཤོར། ཨ་མས་བཤད་པ་རྣམས་ཡིད་ལ་ཝ་ལེར་དྲན“དེ་ཡང་། དེ་སྔ་ལུག་ར་བྱང་གི་ཨ་མ་ཆུང་སྐྱིད་དང་པ་ཕ་དོན་གྲུབ་ལ་ཕྲུ་གུ་ཨ་ཅག་ སྒྲོལ་མ་རང་ལས་མེད་པས། གཙིགས་སུ་འཛིན་ནས་བུ་མོ་ཕྱི་ལ་གཏོང་ན་བློས་མ་བཟོད་པར། ཁྱིམ་དུ་མག་པ་ཞིག་བླངས། ཡིན་ནའང་། དུས་ཚོད་རིང་པོ་འདས་རྗེས་པ་ཕ་དོན་གྲུབ་དང་མག་པ་གཉིས་ནང་གི་ལས་ཀ་སོགས་ཕྱོགས་གང་ཅིའི་ཐད་ལ་བསམ་འཆར་མི་མཐུན་པས། མཐར་མག་པ་ལུག་ར་བྱང་ནས་ཐོན། མག་པ་ཐོན་པའི་ལོ་དེར། ཨ་ཅག་སྒྲོལ་མར་ཕྲུ་གུ་བུ་མོ་ཆུང་ཆུང་གཅིག་སྐྱེས། དེ་ནས་ཡུན་རིང་མ་སོང་བར་ཕ་དོན་གྲུབ་ནི་ནད་ཀྱིས་མནར་ནས་ཉལ་སར་ལུས།”
         ད་ཆ་ཨ་ཅག་སྒྲོལ་མ་མཐོང་དུས། ངའི་སེམས་ནང་བཤད་མི་ཤེས་པའི་གདུང་སེམས་ཤིག་ངམ་ཤུགས་སུ་ཤར“ཨ་ཅག་སྒྲོལ་མ། བུ་མོ་འདི་འདྲ་ག་རེ་བྱས་སོང་ངམ། ངས་ཁ་སང་རང་མཐོང་བྱུང”ཅེས་བཤད་པས་ཁོ་མོས“ཨོ་ལོ། མདང་ནུབ་དགོང་དྲོ་བུ་མོ་ན་ཡི་འདུག་ཟེར་བས། ངས་ལམ་སེང་ཨེམ་རྗེ་སྐད་བཏང་བར་ཕྱིན་པ་ཡིན། ཁྱོད་ཀྱི་ཨ་མས་ཀྱང་མཐོང་སོང་ཞེས་བཤད་བྱུང་།
         མུ་མཐུད་དུ“ཨེམ་རྗེས་ཟེར་ན། སྒོར་ཟུར་ལྔ་བྱས་པའི“རྟ་ཤ”ཞེས་པ་དེ་ཚོ་བཟས་པ་མང་དྲག་པ་རེད་ཟེར་གྱི་འདུག”ཅེས་བཤད་ནས་ཨ་ཅག་སྒྲོལ་མའི་མིག་མཐའ་མཆི་མས་བརླན།
         ངའི་མིད་པ་སྦྲིད་ནས་སེམས་གསོ་ག་རེ་གཏོང་དགོས་མིན་མ་ཤེས་པར་ཁ་ཁུ་སིམ་མེར། ཁོ་ཚོའི་ཁྱིམ་གྱི་ནང་སྦུབས་སུ་ཕྱིན། ངོ་མ་ལུག་ར་བྱང་གི་སྤུན་མཆེད་ཕུད་པའི་གྲོང་ཚོའི་མི་མང་པོ་ཞིག་བལྟ་བར་སླེབས་འདུག  འདི་ལྟར་ངས་གཞི་ནས་ཁྱིམ་དུ་ཨ་མ་སྒུག་བསྡད་ཡོད་པ་ཚོར་ནས་མགྱོགས་མྱུར་ངང་ཁྱིམ་གྱི་ཕྱོགས་སུ་གོམ་ཁ་བསྒྱུར།