མལ་གྲོ་ཇ་ཁང་ནང་གི་གཏམ་རྒྱུད། ཕུན་ཁང་རྣམ་རྒྱལ་ཚེ་རིང་།

མཚོ་སྔོན་པོ་དྲ་བ།

རུས་མིང་། ཕུན་ཁང་རྣམ་རྒྱལ་ཚེ་རིང་།
འཛིན་གྲྭ  2010ལོའི་བོད་ཡིག་ཆེད་ལས2པ།  

མལ་གྲོ་ཇ་ཁང་ནང་གི་གཏམ་རྒྱུད།

         ནམ་རྒྱུན་གྲོང་ཁྱེར་ནང་འཚོ་གནས་བྱེད་བཞིན་པའི་སྐྱེ་བོ་ཕོ་མོ་རྒན་གཞོན་སུ་འདྲ་ཞིག་ཡིན་རུང་ཞོགས་ཇ་མངར་མོ་ཕོར་པ་ཁ་ཤས་འཐུང་རྒྱུ་ནི་འཚོ་བའི་གོམས་གཤིས་ཆགས་ཡོད།  དེ་བས་མལ་གྲོ་ཇ་ཁང་གི་མཚོན་པའི་ཇ་ཁང་ནང་དུ་གཏམ་རྒྱུད་སྣ་ཚོགས་ཤིག་འབྱུང་བཞིན་ཡོད།  ཁོ་བོའི་བརྩམས་སྒྲུང་ཐུང་ངུ་དེའི་གླེང་གཞི་ཡང་ཇ་ཁང་དང་འབྲེལ་བ་ཡོད་པ་ཞིག་ཡིན།
         དེ་རིང་རེ་གཟའ་ཉི་མ་ཡིན་པས། མལ་གྲོ་ཇ་ཁང་དུ་ནམ་རྒྱུན་དང་མི་འདྲ་བར་མི་མང་པོ་ཞིག་འཛོམས་ཏེ་ཞོགས་ཇ་མངར་མོའི་བྲོ་བ་ལ་རོལ་བཞིན་གཏམ་གླེང་གི་འུར་སྒྲས་ཁེངས་འདུག  ང་ཚོ་གྲོགས་པོ་གསུམ་གྱིས་ཀྱང་འདུག་ས་ཞིག་བཙལ་རྗེས་སྦྱིན་བདག་ཨ་མ་འཛོམས་པ་ལགས་ལ་བོད་ཐུག་གསུམ་དང་ཞོགས་ཇ་མངར་མོ་དེམ་གཅིག་བཅས་མངགས་ཏེ་ཁ་བརྡ་བྱེད་བཞིན་བསྡད་པ་ཡིན། དུས་དེར་འཁྲིས་ཀྱི་ཇ་མངར་མོ་འཐུང་ཞོར་དང་ཐ་མག་འཐེན་ཤོར་བྱེད་པའི་མི་དེས་དགོད་འཚེར་འཚེར་གྱིས་མཚམས་འདྲིའི་ཚུལ་དུ། ཁྱེད་ཚོ་དགེ་འོས་སློབ་གྲྭའི་སློབ་ཕྲུག་ཡིན་ནམ་ཞེས་དྲིས་བྱུང་། ང་ཚོས་ཡིན་ཞེས་ལན་བྱིན་རྗེས་སྔར་བཞིན་ཕན་ཚུན་སྐད་ཆ་བཤད་དེ་བསྡད་པ་ཡིན། ཁོང་གིས་བདག་ལ་བཞག་པའི་བག་ཆགས་ཐོག་མ་ནི་མི་ཡ་རབས་ཤིག་དང་སྐད་ཆ་ཤོད་རྒྱུར་དགའ་བ་ཞིག་རེད་སྙམ་པ་དེ་ཡིན།
         ཁོང་གིས་མུ་མཐུད་ང་ཚོར་རང་ཉིད་ངོ་སྤྲོད་མདོར་བསྡུས་ཞིག་བྱས་སོང་། ཁོང་གིས་བདག་ཁོང་དང་ཕ་ཡུལ་གཅིག་པ་ཡིན་ཚུལ་དང་། ཁོང་ད་ལྟ་ནང་སའི་གྲོང་ཁྱེར་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད་པ་དང་གླ་ཕོགས་ཡང་མི་ཉུང་བ་ཞིག་ཡོད་ཚུལ་བཤད་བྱུང་། ང་ཚོ་གྲོགས་པོ་གསུམ་ཧང་སངས་དགོས་པ་ཞིག་ལ་ཁོང་གིས་ང་ཚོར་བོད་ཀྱི་ལོ་རྒྱུས་དང་བཅུ་ཕྲག་རིག་གནས་སྐོར་གྱི་ཤེས་བྱ་མང་པོ་བཤད་བྱུང་བ་དེ་རེད། ཁོང་གིས་བཤད་པ་ལྟར་ན། ཁོང་ཆུང་དུས་མདོ་སྨད་ཀྱི་གྲྭ་ཚང་ཞིག་ཏུ་སྦྱངས་པ་ཡིན་ཚུལ་སོགས་ཀྱི་སྐད་ཆ་མང་པོ་ཞིག་བཤད་བྱུང་། ཁོང་གི་ལས་ཀ་དང་གླ་ཕོགས་སོགས་ལ་ཡིད་ཆེས་དེ་འདྲ་མ་བྱུང་ཡང་ཁོང་གི་བཤད་པའི་བོད་ཀྱི་ལོ་རྒྱུས་དང་བཅུ་ཕྲག་རིག་གནས་སྐོར་གྱི་ཤེས་བྱ་དེ་དག་ལ་ཡིད་མ་ཆེས་རང་ཆེས་རེད། དེ་ལྟར་ཕན་ཚུན་གཏམ་གླེང་ཁྲོད་དུ་ཞོགས་ཇ་མངར་མོ་དེམ་དེ་ཡང་ཇི་ལྟར་འཐུང་མིན་ཡང་མ་ཤེས། དེ་རྗེས་ཁོང་གི་ང་ཚོར་རང་ཉིད་ཀྱི་ཁ་པར་ཨང་གྲངས་བཞག་ཅིང་དགོང་དྲོ་ཡང་བསྐྱར་འདིར་འཛོམས་རྒྱུའི་ཁ་ཆད་དང་བཅས་ཇ་ཁང་ལས་ཐོན་སོང་།
         འཇིག་རྟེན་གཏམ་དཔེར“གཏམ་ངན་བྱ་སྤུ་རླུང་འཁྱེར”ཞེས་པ་ལྟར་ཁོང་ཇ་ཁང་དང་བྲལ་ནས་སྐར་མ་བཅུ་ཙམ་ཡང་མ་སོང་བར་སྦྱིན་བདག་ཨ་མ་འཛོམས་པ་ལགས་ཀྱིས་ཁྱེད་ཚོ་དང་མཉམ་དུ་སྐད་ཆ་བཤད་མཁན་དེ་ནི་སྔོན་མ་ཤེས་བྱ་ཡོན་ཏན་ལ་མཁས་ཤིང་ཧ་ཅང་རྫིག་པོ་ཡོད་ལ་ཀུན་གྱི་ཆ་འཇོག་བྱེད་ས་ཞིག་རེད་ཟེར། ནང་སར་ལས་ཀ་སོགས་བྱེད་པ་སོགས་ཀྱང་དངོས་གནས་རེད། ད་དུང་ལོ་ཤས་ཀྱི་སྔོན་ལ་ཁོང་དགེ་འོས་སློབ་གྲྭར་དགེ་རྒན་བྱ་རྒྱུའི་སྐད་ཆ་ཡང་དངོས་སུ་བྱུང་། འོན་ཀྱང་གནས་ཚུལ་གང་ཞིག་གི་རྐྱེན་པས་ཁོང་གི་ལས་གནས་ལས་ཐོན་དགོས་བྱུང་བ་རེད་གསུངས་བྱུང་།
         ང་ཚོས་ཁོང་དང་ཁ་ཆད་ལྟར་དགོང་དྲོ་མལ་གྲོ་ཇ་ཁང་དུ་ཁོང་ལ་རེ་སྒུག་བྱེད་བཞིན་བསྡད། ང་ཚོས་ཁོང་ལ་རོགས་རམ་ཕྲན་བུ་ཙམ་ཡང་མི་ཐུབ་ཀྱང་ཁོང་གི་ལྷ་སྒྲུང་ལས་སྙན་པའི་ཤེས་བྱ་དག་ཐོས་འདོད་ཀྱིས་ཁོང་ལ་སྒུག་སྟེ་བསྡད་པ་ཡིན། ཡིན་ཡང་ཁོང་སླེབས་མ་སོང་། ཐ་ན་ཁོང་གི་བཞག་པའི་ཁ་པར་ཨང་གྲངས་དེ་ཡང་འཕྲོད་ཀྱི་མི་འདུག
         ཁོང་ག་པར་ཡོད་དམ། མི་ཚོགས་ལང་ལོང་ཁྲོད་དུ་མགོ་འཁོར་ནས་བསྡད་ཡོད་དམ། ཤེས་ཡོན་ གྱིས་ཕྱུག་པའི་ཁོང་གིས་སོ་སོའི་ཁ་ཕྱོགས་དང་ཕུགས་རེ་རྙེད་ཡོད་དམ།