ལས་ཀ་འཚོལ་བ། ཚེ་རིང་སྒྲོལ་མ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། 2012-09-15
མཚོ་སྔོན་པོ་དྲ་བ།

རུས་མིང་། ཚེ་རིང་སྒྲོལ་མ།
འཛིན་གྲྭ  2010ལོའི་བོད་ཡིག་ཆེད་ལས2པ། 

ལས་ཀ་འཚོལ་བ།

 

         དེ་རིང་ནི་སློབ་གྲྭ་གུང་གསེང་འཇོག་པའི་ཉིན་ཡིན་པས་མཚོ་མོ་དང་ཁོ་མོའི་གྲོགས་མོ་རྣམས་འབྲེལ་བ་འཚུབ་འཚུབ་ངང་སློབ་གྲྭ་ནས་ཐོན་ཏེ་སོ་སོ་དང་འཚམས་པའི་ལས་ཀ་ཞིག་ཚོལ་བར་ཕྱིན་པ་རེད།
         དུས་རྒྱུན་ཁོ་ཚོའི་སེམས་ནང་ལས་ཀ་འཚོལ་བ་ནི་ཧ་ཅང་ལས་སླ་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་དེ་རིང་ཁོ་ཚོས་གཞི་ནས་ལས་ཀ་འཚོལ་བ་ནི་ལས་སླ་པོ་ཞིག་མིན་པ་ངོས་འཛིན་ཐུབ་པ་རེད། དེ་ཉིན་ཁོ་ཚོར་ལྟོ་གྲོད་པ་རྒྱགས་པ་ཞིག་ཀྱང་ཟ་བའི་དུས་ཚོད་མ་བྱུང་བ་རེད། ཕྱི་དྲོ་ཁོ་ཚོ་ལོག་ཡོང་རྩིས་བྱེད་སྐབས་རྒྱ་ཁོག་ཟ་ཁང་ཞིག་ནང་ཞབས་ཞུ་མ་དགོས་པའི་གསལ་བརྡ་སྦྱར་ཡོད་པ་མཐོང་བས།  ཁོ་ཚོའི་སེམས་ནང་ད་རེས་དངོས་གནས་ང་ཚོར་ལས་ཀ་ཡག་པོ་ཞིག་རག་སོང་བསམ་ནས་ཡར་འཛུལ་ནས་སྦྱིན་བདག་དང་གླེང་མོལ་བྱས་པ་རེད། སྦྱིན་བདག་དེས་ཞབས་ཞུ་མ་གཉིས་ལས་དགོས་པ་མིན་འདུག་ཅེས་བཤད་ནས་མཚོ་མོའི་གྲོགས་མོ་གཉིས་བདམས་ནས་སང་ཉིན་ལས་ཀར་ཡོང་ན་འགྲིག་ཅེས་བཤད། སྐབས་དེར་མཚོ་མོའི་སེམས་ནང་ད་ཆ་ང་ལ་ལས་ཀ་འཚོལ་ཁག་པོ་འདུག་པས་དེ་ལས་སེམས་ཐག་བཅད་ནས་སང་ཉིན་ནང་ལ་ལོག་ན་བསམ།  དེ་ནས་ཁོ་ཚོ་ལོག་ཡོང་བའི་ལམ་བར་དུ་ཟ་ཁང་ཞིག་གི་སྒོའི་སྟེང་གསལ་བརྡ་ཞིག་སྦྱར་ཡོད་པ་མཐོང་བས་ཁོ་ཚོས་སྦྱིན་བདག་ལ་སྐད་ཆ་དྲིས་པས་མི་གཅིག་ལས་མི་དགོས་ཞེས་བཤད་དེ་མཚོ་མོ་བསྡུ་རྒྱུ་ཁས་བླངས་པ་རེད།
         ཁོ་མོའི་ངོས་ནས་བརྗོད་ན་ཟ་ཁང་གི་ལས་ཀར་འགྲོ་བ་ད་རེས་ཐེངས་དང་པོ་ཡིན་པས་སེམས་ནང་དངངས་སྐྲག་ཆེན་པོ་སྐྱེས་ཤིང་། ཡང་སྙིང་ལས་ཀ་གང་བྱེད་དགོས་མིན་མ་ཤེས་པར་ལུས་པ་རེད། མ་གཞི་མཚོ་མོ་དུས་རྒྱུན་མི་གཞན་དང་སྐད་ཆ་བཤད་རྒྱུ་དེ་ཙམ་དགའ་པོ་མེད་ཀྱང་ད་རེས་གཞན་དང་སྐད་ཆ་མ་བཤད་རང་བཤད་ལ་ཐུག་ཡོད་པ་རེད། ཁོ་ མོའི་སེམས་ནང་གལ་སྲིད་རང་ཉིད་སྤྱི་ཚོགས་འདིའི་སྟེང་འཚོ་སྡོད་བྱེད་དགོས་ན་ངེས་པར་དུ་མི་གཞན་དང་འབྲེལ་བ་འཛུགས་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་རེད།
         མཚོ་མོས་དུས་ཡུན་ཟླ་བ་གཅིག་ལྷག་ཙམ་ཟ་ཁང་འདིར་ལས་ཀ་བྱས་ནས་བསྡད་པ་རེད། ཁོ་མོས་དུས་ཡུན་འདིའི་ནང་སྤྱི་ཚོགས་ནང་མི་སྒེར་སོགས་ཕྱོགས་མང་པོའི་ཐོག་ལ་ཤེས་རྟོགས་ཐུབ་པ་དང་། ལྷག་པར་དུ་ཁོ་མོས་ཤེས་གསལ་ལ་འདིར་ལས་ཀ་བྱེད་མཁན་གཞན་ཚང་མ་སོ་སོ་དང་རྩ་བ་ནས་འདྲ་བཞིན་མེད་པ་རེད།  གང་ལགས་ཞེ་ན་ཁོ་ཚོ་མང་ཆེ་བ་སློབ་གྲྭར་འགྲོ་མྱོང་མེད་པ་ཤ་སྟག་ཡིན་པས་ཁོ་ཚོ་ཚང་མས་མཚོ་མོར་ཡིད་སྨོན་ཆེན་པོ་བྱེད་པ་དང་། ད་དུང་མཚོ་མོར་ཕྱིས་སུ་རང་དགོས་ཤེས་བྱར་འབད་བརྩོན་བྱས་ནས་རང་ཉིད་དང་འཚམས་པའི་ལས་ཀ་ཞིག་རག་པ་བྱེད་དགོས་ཞེས་སློབ་གསོ་གནང་བ་རེད། མཚོ་མོའི་བསམ་པར་ཁོ་ཚོ་སློབ་གྲྭར་འགྲོ་འདོད་ཡོད་ཀྱང་འགྲོ་བའི་གོ་སྐབས་ཡོལ་བ་རེད། འོན་ཀྱང་ང་ལ་རྩ་ཆེ་ཞིང་རིན་ཐང་བྲལ་བའི་གོ་སྐབས་བཟང་པོ་འདི་འདྲ་ཞིག་ཡོད་དུས་ངེས་པར་དུ་ གོ་སྐབས་དེ་དམ་འཛིན་ཡག་པོ་བྱས་ནས་རང་དགོས་ཤེས་བྱར་འབད་བརྩོན་སྔར་ལས་ལྷག་པ་བྱེད་རྒྱུའི་ཆོད་སེམས་དེ་སྔར་བས་སྲ་བརྟན་དུ་གྱུར་བ་རེད།