སྦྲང་དཀར་རྩམ་པ། གངས་ཕྲུག་སྐལ་དོན།

རྩོམ་པ་པོ།:གངས་ཕྲུག་སྐལ་དོན། 2012-09-15
མཚོ་སྔོན་པོ་དྲ་བ།

རུས་མིང་། གངས་ཕྲུག་སྐལ་དོན།
འཛིན་གྲྭ  2011ལོའི་བོད་ཡིག་ཆེད་ལས1པོ།

སྦྲང་དཀར་རྩམ་པ།

         མཐའ་བཞི་ཁ་བ་དཀར་པོའི་དྲོ་སྐྱིད་ཀྱི་བརྩེ་མདངས་ལས་ངེད་ཅག་གངས་རིའི་པང་ཁོང་ན་འཚོ་བའི་ཆོལ་གསུམ་གདོང་དམར་བུ་ཕྲུག་ཚོར་ལྷད་མེད་ཚེ་སྲོག་གི་རྒྱུན་ཐག་ཅིག་འདི་ལྟར་དུ་བཅིངས་ཕྲལ་བག་ཡངས་དྲོད་ལྡན་གྱི་ཕ་ས་གཤིན་པོ་ཡང་རང་ཉིད་ཀྱི་ཕང་བ་ནས་གསེར་མདོག་སྙེ་རླབས་ཀྱི་རེ་བའི་རྦ་རློང་ཞིག་མཐོ་སྒང་གངས་ཅན་བོད་མིའི་ཚེ་སྲོག་གི་འཕར་རྩ་ན་གཏོར་བས་དུས་དེ་ནས་ཁྱེད་ནི་ངེད་ཅག་གངས་ཅན་བོད་མིའི་ཕ་ཟས་ཀྱི་མཆོག་གྱུར་རོ་བཅུད་ལྡན་པའི་སྦྲང་དཀར་རྩམ་པ་ཟེར།
         ཆུང་དུས་བརྩེ་ལྡན་མ་ཡུམ་གྱི་བྱམས་བརྩེའི་ཐང་ཁུག་གི་དྲོད་ཁོལ་ལས་གཡོས་པའི་མར་སྤགས་མངར་མོས་ཁོ་བོའི་ཚེ་སྲོག་གི་རྩིག་རྨང་འགྱུར་མེད་སྲ་བརྟན་དུ་བསྐྲུན་ཀྱང་མྱུར་མགྱོགས་དུས་རབས་ཀྱི་འཇིགས་པའི་འཕོ་འགྱུར་ཁྲོད་ང་དང་ང་འདྲ་བའི་གངས་ཕྲུག་མང་པོའི་ཚེ་སྲོག་གི་འདབ་བརྒྱར་སད་དང་སེར་བའི་བར་ཆད་ཀྱི་ལམ་འགོ་འདི་ལྟར་དུ་ཚུགས་སོང།
         སྦྲང་དཀར་རྩམ་པ་ཡ། དུས་དེ་རིང་གི་ཆ་ན་རང་མགོ་རང་གཡོ་བྱེད་མཁན་གྱི་གངས་ཕྲུག་ངེད་ཚོས་བཅུད་ལྡན་ནས་རྩམ་ཁྱེད་ཀྱི་འགྲན་མེད་ཀྱི་ཕན་ནུས་མི་ཤེས་པས་ལན་ནམ་ཡང་ན་ཟང་ཟིང་ཁོར་ཡུག་འདི་ཡི་ངན་པའི་ཤུགས་རྐྱེན་གྱིས་ལན་མིན་སུ་ཀྱང་བརྗོད་དཀའ།
         གང་ལྟར་དུས་རབས་ཀྱི་འཕོ་འགྱུར་གར་མཁན་མའི་རྐང་སྟབས་ལས་མགྱོགས་པའི་དེང་གི་དུས་ན་ སྒྱུ་མ་མཁན་གྱི་རྫུ་འཁྲུལ་ལས་བལྟམས་པའི་ཟས་རིགས་ནི་དགུང་སྔོན་གྱི་སྐར་ཚོགས་ལས་ཀྱང་མང་ ཡིན་ཡང་ཁ་ཤས་ཀྱི་རྒྱུ་ཆ་ནི་འདྲེན་བྱེད་ཀྱི་བུ་མོས་མཐོང་དུས་སྐྱུགས་བྲོ་རྣ་བའི་བུ་གས་ཐོས་དུས་ཞེ་མེར་ དྲན་འཛིན་གྱི་ཤེས་པས་བསམ་ན་ཡིད་སྐྱོ་སེམས་སྡུག་ཐུགས་མུགས་ཨེ་མ་སྤྱི་ཚོགས་འདི་ཡི་ཡ་ངའི་མི་ཆོས་དང་བྲལ་བའི་སྤྱོད་ཚུལ་ལ་ཡང་སྙིང་ནམ་དགུང་གི་དཀོན་མཆོག་ནས་གཟིགས་པར་མཛོད་དམ།
         ཡ་ང་བའི་མི་ཡུལ་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་འཇིགས་ཉེན་ནས་འཇིགས་ཉེན་དེ་ལྟ་བུའི་འཇིགས་རུང་གི་འཚོ་བའི་ཁྲོད་ང་ཚོས་ཐོག་མར་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་ཀྱི་འདུ་ཤེས་ཤིག་ཁྱེར་ཏེ་ནམ་ཡང་རིགས་གཙང་གངས་ཅན་མེས་པོའི་བློ་གྲོས་ཀྱི་ཉིང་བཅུད་རྩམ་གཟན་གངས་ཕྲུག་རྣམས་ཀྱི་སེམས་ཁོང་གི་ཕ་ཟས་བཅུད་ལྡན་སྦྲང་དཀར་རྩམ་པའི་རོ་བཅུད་ལ་མྱོང་རོལ་ཞིག་བྱེད་དང་།
         སེམས་ཁོང་གི་ནས་རྩམ་དཀར་མོ་ཁ་སང་གི་ཉིན་མོར་ཁྱེད་ཀྱིས་གངས་ཅན་མེས་པོའི་ཚེ་སྲོག་གི་འཕོན་ཐག་ངོམས་པའི་སྙན་འཇེབས་ཀྱི་དབྱངས་སྒྲ་ཞིག་གྱེར་ལ་ལོ་རྒྱུས་ཀྱི་ཕང་ཁ་ནས་དེད་པའི་ཚོ་སྲོག་གི་སྒྲུང་ཐུང་ཞིག་ཀྱང་ཤོད་འགོ་བརྩམས།
         ཡིན་ཡང་དུ་སྤྲིན་གྱིས་ཁེངས་པའི་དུས་དེ་རིང་གངས་རིའི་ལྷ་བྱའི་ཚོགས་རྣམས་ཁྱེད་ཅག་གི་དབྱངས་སྒྲ་སྙན་མོར་དུང་སེམས་ཀྱི་བརྩེ་བ་མེད་ཁར་སྙན་འཇེབས་ཀྱི་སྒྲུང་ཐུང་ཕྲ་མོར་བློ་ཕྱོགས་ཀྱི་དང་ཁ་ནི་དེ་བས་ཀྱང་ག་ལ་ཡོད་གྱུར།
         དེ་ལྟར་ན་འཇིག་རྟེན་ཕ་རོལ་ན་འཚོ་བའི་རང་རེའི་མེས་པོའི་རྣམ་ཤེས་ཀྱིས་ལྷོ་ཕྱོགས་འཛམ་བུའི་སྤོ་ཡི་གདོང་དམར་བུ་ཕྲུག་རྣམས་ལ་རྣམ་དག་སེམས་ཀྱི་རྒྱང་ཁའི་དུང་བརྡ་ཞིག་ཀྱང་མི་འཕེན་ནམ།
 ངོ་མ་རིགས་གཙང་གངས་ཅན་པ་ཚོ་ཡ། ནན་ཏན་གྱིས་མནོ་བསམ་ཞིག་གྱིས་དང་མི་ལོ་སྟོང་ཁྲག་གི་ལོ་རྒྱུས་ནས་འཕོས་པའི་རང་རེའི་མེས་པོའི་བློ་རྩལ་གྱི་ཕོ་ཉས་གནས་མཆོག་གངས་རིའི་རིགས་གཙང་གི་བུ་རྒྱུད་སྐྱོང་བར་སླེབས་པ་ང་ཚོས་ད་དུང་ཡང་མི་ཤེས་སམ།
         གདོང་དམར་བ་ཚོ་གལ་སྲོད་སྦྲང་དཀར་རྩམ་པའི་དུང་སེམས་ཀྱི་ཕོ་ཉ་འདི་ཚེ་འདིར་རང་ཉིད་ལ་བདེ་སྐྱིད་ཀྱི་ཉིང་བཅུད་སྦྱིན་པའི་དྲིན་ཆེན་ཞིག་ཏུ་ཡིན་བསམས་ན་ སྒྱུ་མའི་དུག་འདྲེས་ཀྱི་ཟས་རིགས་དེ་རྣམས་མྱུར་བ་ནས་སྤངས་ཏེ་རོ་བཅུད་ལྡན་པའི་སྦྲང་དཀར་རྩམ་པར་སྙན་འཇེབས་ཀྱི་བསྟོད་གླུ་ཕྲ་མོ་ཞིག་འབུལ་བར་སྤྲོ་ཤོག་ཞུམ་མེད་ཀྱི་ལྷ་ཤིང་སྲོག་ལའང་བསྐལ་བཟང་གི་སྨོན་ལམ་ཞིག་ཀྱང་འདེབས་པར་སྨོན་ཀྱེ།
         སེམས་ཁོང་གི་སྦྲང་དཀར་རྩམ་པ་དུས་དེ་རིང་ཁོ་བོས་མུ་མཐུད་ཁྱེད་མཆོག་གི་རོ་བཅུད་ལ་མྱོང་གྱིན་སྙན་འཇེབས་ཀྱི་དབྱངས་རྟ་ཞིག་ཀྱང་ལེན་ཕྲལ་དུ་བཀྲ་ཤིས་ཀྱི་མདའ་དར་ཕྱག་རྩེ་ནས་འཕྱར་ཏེ་སོར་རྩེ་ཕྲ་མོའི་བོད་སྨྱུག་གི་ཁ་ལོ་རང་དབང་མེད་པར་ཁྱེད་མཆོག་ལ་བསྒྱུར་ཞིང་ཡོད་དོ།།
           ངའི་སྙིང་ཁོང་གི་སྦྲང་དཀར་རྩམ་པ།
              ངའི་ཚེ་སྲོག་གི་སྦྲང་དཀར་རྩམ་པ།