དམར་ཆུང་སྙིང་གི་རེ་བ། ཚེ་རིང་མཚོ་མོ་ཆུང་བ།

རྩོམ་པ་པོ།: 2013-05-09

རུས་མིང་། ཚེ་རིང་མཚོ་མོ་ཆུང་བ།
འཛིན་གྲྭ ལོ་རིམ་བརྒྱད་པའི་འཛིན་གྲྭ་བཅུ་གཉིས།

དམར་ཆུང་སྙིང་གི་རེ་བ།

        ཤེས་རིག་གི་ཐང་ཆེན་ཡངས་པོར་རྒྱུག་བཞིན་པའི་ཁོ་མོས་རང་ཉིད་ཀྱི་དམར་ཆུང་སྙིང་ནས་དྲངས་པའི་ལྷད་མེད་དྭངས་གཙང་གི་རེ་བ་དེ། ལས་དབང་གཅིག་པའི་གངས་ཕྲུག་རྣམས་ལ་བརྗོད་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ། མ་གཞི་ཁོ་མོས་སྙན་འཇེབས་ཚིག་གི་རྒྱན་སྤྲོས་མི་ཤེས་ལ་ངོ་མཚར་ཅན་གྱི་གནའ་གཏམ་བཞིན་དུ་བརྗོད་ཀྱང་མི་ཤེས། འོན་ཀྱང༌། དེ་ནི་ངས་ལྷག་བསམ་ཟོལ་མེད་ཀྱིས་ཉམས་བཞིན་པའི་རང་རིགས་ཀྱི་སྐད་ཡིག་ལ་བཅངས་པའི་བརྩེ་དུང་ཞིག་ཡིན་པས། ཕ་ཡུལ་གངས་ལྗོངས་ཀྱི་གཞི་ན་གནས་པའི་མ་འོངས་ཀྱི་བདག་པོ་རྣམས་ཀྱི་འདྲེན་བྱེད་དབང་པོའི་ལམ་དུ་ཕུལ་བར་འདོད་པ་ནི། དུས་རབས་ཉེར་གཅིག་ཏུ་ཤེས་རིག་གི་འགྲན་རྩོད་ཁྲོད་རང་རིགས་ཀྱི་སྐད་དང་ཡི་གེ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་རྒྱུ་ནི་ང་ཚོ་རྗེས་རབས་པ་རྣམས་ཀྱི་ཕྲག་སྟེང་དུ་བབས་པའི་འོས་འགན་ཡིན་ལ་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན། དེས་ན་ང་ཚོས་གནད་དེ་ལ་དམིགས་ནས་རང་རིགས་ཀྱི་སྐད་ཡིག་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་གི་ལམ་དུ་ཞུགས་རྒྱུ་ནི་ངས་གངས་ཕྲུག་རྣམས་ལ་བཅངས་པའི་སྙིང་གི་རེ་བ་ཡིན་ལ་རང་རིགས་ཀྱི་སྐད་ཡིག་ལ་བཅངས་པའི་བརྩེ་དུང་རྣལ་མ་དེ་ཡང་ཡིན།
        སྔོན་བྱོན་མཁས་པས། ཀུན་དང་མཐུན་ན་རྩ་བ་ཡིན་མོད་ཀྱང༌། ། མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། ། སྐད་རིགས་མང་པོ་ཤེས་ན་ལེགས་མོད་ཀྱང༌། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཞེས་གསུངས་པ་ལྟར། ང་ཚོས་མི་རིགས་གཞན་གྱི་སྐད་ཡིག་སྦྱོང་རྒྱུ་ནི་གལ་ཆེ་མོད། འོན་ཀྱང༌། སློབ་མ་ལ་ལས་རང་རིགས་ནང་ཁུལ་དུ་སྐད་ར་མ་ལུག་རྒྱབ་ནས་དེ་ནི་གཟི་བརྗིད་ཞིག་དང་ཆུ་ཚད་ལྡན་པ་ཞིག་ཏུ་བརྩི་བ་ནི་རང་མི་རིགས་ཀྱི་ངོ་ཚ་དང་ཞབས་འདྲེན་ཡིན་ལ་ང་རང་གིས་དགག་པ་རྒྱག་སའི་གནད་ཅིག་ཀྱང་ཡིན།
        སྤུན་ཟླ་ཚོ། རང་རིགས་ཀྱི་སྐད་དང་ཡི་གེ་ནི་མེས་པོ་རྣམས་ཀྱིས་བཞག་པའི་ཕ་ནོར་ཡིན་ལ། ང་ཚོ་རྗེས་རབས་པ་རྣ་མས་ཀྱི་སྙིང་ནོར་ཡང་ཡིན་པས་ཡེ་ནས་དོར་མི་རུང་བའི་གནད་དུ་ངེས་རྐྱེན། ཀུན་གྱིས་སེམས་ཤུགས་ལྡབ་འཕར་གྱིས་ཤུགས་ཤིག་སྐྱོན་དང༌།

ཚེ་རིང་མཚོ་མོ་ནི་ཕ་ཡུལ་འདམ་གཞུང་རྫོང་སྙིང་གྲོང་་ནས་ཡིན་ཞིང་། ད་ལྟ་རྫོང་སློབ་འབྲིང་དུ་སློབ་གཉེར་གྱི་ལས་ལ་བརྩོན་བཞིན་ཡོད། ཁོ་མོའི་དུས་རྒྱུན་གྱི་འཚོ་བའི་ནང་རྒན་བཀུར་གཞོན་གཅེས་ཀྱི་གུས་སྲོལ་ཡག་པོས་མི་ཀུན་མཐུན་གྱི་རྩ་དོན་ལ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཁོ་མོའི་དགའ་ཕྱོགས་ནི་སྒྲུང་དེབ་ཀློག་རྒྱུ་དང་། ཕ་སྐད་གཙང་མ་གཞིར་བཞག་གིས་སྐད་རིགས་སྣ་ཚོགས་སྦྱངས་རྒྱུར་ཤིན་ཏུ་དགའ། མ་འོངས་པར་ལོ་ཙྭའི་བྱ་བ་གཉེར་འདོན་གྱི་འདུན་པ་དེ་བས་ཆེ།