ཁྱེད་ཕེབས་པ་སྔ་སོང་། ཆོས་མཚོ།

རྩོམ་པ་པོ།: 2013-05-09

རུས་མིང་། ཆོས་མཚོ།
འཛིན་གྲྭ  ལོ་རིམ་དགུ་བའི་འཛིན་གྲྭ་བཞི་བ།

  ཁྱེད་ཕེབས་པ་སྔ་སོང་།

ཉིན་དེ་ནས་བཟུང
ཚ་ཟེར་ཅན་གྱི་ཉི་མ་དམར་པོར་དྲོད་མི་འདུག
འོད་ཟེར་མི་འདུག
དཀར་གསལ་བཅོ་ལྔའི་ཟླ་བར
འོད་སྣང་མི་འདུག
ལྷིང་འཇགས་མི་འདུག
དངོས་ནས་ཁྱེད་ཕེབས་པ་སྔ་སོང
ད་ཆ  ཡིད་འོང་གི་གངས་ལྷ་མེ་ཏོག་ལ
མཛེས་སྡུག་གི་འདབ་མ་བཞད་ཐབས་བྲལ་སོང
གཟི་བརྗིད་ཀྱི་ཐང་དཀར་རྒོད་པོ་ལ
རྒྱང་བཞུད་ཀྱི་གཤོག་རྩལ་ངོམ་ཐབས་བྲལ་སོང
དངོས་གནས་ཁྱེད་རང་ཕེབས་པ་སྔ་སོང
པ་ལགས།

འདྲ་ཁ་སྨྱུག་རྩེའི་རང་མདངས།

སྐད་ཡིག་ཡོད་པའི་མི་རིགས་འདྲ་འདྲ་རེད།།
དེ་ལ་སྦྱངས་བརྩོན་བྱེད་མིན་ཁ་ཁ་རེད།།
རང་ལ་ཕ་མ་ཡོད་པ་འདྲ་འདྲ་རེད།།
དེ་ལ་སྲི་ཞུ་བྱེད་མིན་ཁ་ཁ་རེད།།
ཕ་ཡུལ་གོམས་སྲོལ་ཡོད་པ་འདྲ་འདྲ་རེད།།
དེ་ལ་རྒྱུན་འཛིན་བྱེད་མིན་ཁ་ཁ་རེད།།
མི་ལ་ཚེ་སྲོག་ཡོད་པ་འདྲ་འདྲ་རེད།།
དེ་ལ་བདག་གཅེས་བྱེད་མིན་ཁ་ཁ་རེད།།
མི་རིགས་བོད་རིགས་ཡིན་པ་འདྲ་འདྲ་རེད།།
རང་རིགས་ཤ་ཞེན་ཡོད་མེད་ཁ་ཁ་རེད།།
སྨྲ་ཤེས་དོན་གོ་ཡིན་པ་འདྲ་འདྲ་རེད།།
ཡར་བརྩོན་སྙིང་སྟོབས་ཡོད་མེད་ཁ་ཁ་རེད།།
སློབ་གཉེར་བྱེད་པར་ཡོང་མཁན་འདྲ་འདྲ་རེད།།
བརྩོན་འགྲུས་འབད་འབུངས་ཡོད་མེད་ཁ་ཁ་རེད།།
འདི་འདྲའི་འདྲ་ཁ་སྨྱུག་རྩེའི་རང་མདངས་ལས།།
འདྲ་འདྲའི་ནང་ནས་ཕུལ་བྱུང་ཡང་རྩེར་བརྩོན།།

ཆོས་མཚོ་ནི་ཕ་ཡུལ་གནམ་མཚོ་ནས་ཡིན་ཞིང་། དུས་རྒྱུན་ཏུ་ཕ་སྐད་གཙང་མ་བཤད་རྒྱུར་ཤིན་ཏུ་དགའ། ལྷག་པར་རང་གི་ཉེ་འཁོར་གྱི་མི་རྣམས་ལ་ཕ་སྐད་གཙང་མ་བཤད་དགོས་པའི་སྣེ་ཁྲིད་རང་བཞིན་ཤིན་ཏུ་ལྡན། རྗེས་མ་སྐད་ཆ་ཞིབ་འཇུག་པ་ཞིག་བྱེད་འདོད་ཤིན་ཏུ་ཆེ་བ་རེད།