ཕ་ཡུལ་ལ་བསྟོད་པ། གུ་རུ་མཚོ།

རྩོམ་པ་པོ།: 2013-05-10

རུས་མིང་། གུ་རུ་མཚོ།
འཛིན་གྲྭ  དམའ་གསུམ་འཛིན་བདུན།

ཕ་ཡུལ་ལ་བསྟོད་པ།

མཐོ་ཀུན་གསལ་སྒེག་མོའི་བང་རིམ་གྱི་སྟེང་ན།།
སྤྲིན་མགོ་འཕངས་ཅན་གྱི་རང་གཟུགས་དེ་རྒྱུ་ནས།།
གངས་ཀེ་ལ་ཤ་ཡི་ལུས་པོ་དེ་གཡོགས་བཞིན།།
ཕྱིར་ཀུན་གསལ་ནམ་མཁའི་དབྱིངས་ངོས་སུ་འཐིམ་སོང་།།

ས་ནོར་འཛིན་མ་མའི་མཛེས་གདོང་གི་ངོས་ན།།
ཆུ་རྫ་ཆུ་བསིལ་མ་ཤག་ཤག་ཏུ་བཞུར་ནས།།
རྩྭ་རྩི་ཏོག་རྣམས་ལ་སྐོམ་པ་རེ་སེལ་བཞིན།།
གནས་ངེས་མེད་རྒྱ་མཚོའི་གཏིང་རོལ་དུ་ཆས་སོང་།།

ཡུལ་གངས་རིའི་འདབས་ཀྱི་སྦྲ་ནག་གི་ཚོགས་འདི།།
ས་དབྱིག་འཛིན་སྒེག་མོའི་སྙིང་དབུས་སུ་བཞུགས་ནས།།
སྐྱིད་འཚོ་བའི་ཉི་མ་བག་ཕེབས་ཀྱིས་བརྩི་བཞིན།།
ཡིད་སེམས་གཏམ་མངར་མོ་མཁའ་དབྱིངས་ལ་བསྐུར་སོང་།།

ཡུལ་དབེན་པར་གནས་པའི་ཕ་ཡུལ་གྱི་གཞུང་ན།།
ལུས་རྔ་མ་གཡོ་བའི་རི་དྭགས་རྣམས་འཚོ་བཞིན།།
ཟས་རྩྭ་ལྗང་བཅུད་ལྡན་བག་ཕེབས་པར་རོལ་ནས།།
སྟོབས་ཤ་ཤེད་རྒྱས་པའི་རེ་སྨོན་ལ་བཞུགས་ཡོད།།

གནས་ཕ་ཡུལ་ཕྱུག་མོའི་ལྗང་མདོག་གི་ཞིང་ནས།།
རིན་གཞལ་དུ་མེད་པའི་གཏེར་ཁ་ཡི་མཛོད་ཡོད།།
གངས་ར་བས་སྐོར་བས་རི་རབ་ཀྱི་གླིང་འདི།།
འདི་བདག་གིས་བསྟོད་པའི་ཕ་ཡུལ་དེ་ཡིན་སོང་།།