ཀ་ཕྲེང་བསླབ་བྱའི་བདུད་རྩི། ཨ་ཚོགས་ཀླུ་ཐར་རྒྱལ།

རྩོམ་པ་པོ།: 2013-05-10

རུས་མིང་། ཨ་ཚོགས་ཀླུ་ཐར་རྒྱལ།
འཛིན་གྲྭ  དམའ་གསུམ་འཛིན་བདུན།

ཀ་ཕྲེང་བསླབ་བྱའི་བདུད་རྩི།

ཀྭ་ཡེ་བདག་གི་སྙིང་གྲོགས་དམ་པ་ལགས།།
ཁ་བརྡ་དོན་མེད་གླེང་ནས་མི་འདུག་པར།།
ག་ལེར་གསོན་དང་བདག་གི་ཀ་ཕྲེང་འདི།།
ང་ཡིས་ཁྱོད་ལ་ཕུལ་བའི་སྙིང་གཏམ་ལགས།།
ཅ་ཅོ་འུར་སྒྲས་ཁེངས་པའི་རྒྱ་སྲང་ན།།
ཆ་མེད་རྒྱུས་མེད་མི་ངན་མང་པོ་ཡོད།།
ཇ་ཁང་ཆང་ཁང་ནང་དུ་མི་བསྙལ་བར།།
ཉ་མོ་འཁྱུག་རྩལ་ངོམ་འདྲའི་སློབ་ལ་བརྩོན།།
ཏ་ལེན་ཕྲག་ཁུར་བོད་པའི་ཡུལ་ཁམས་འདིར།།
ཐ་ཤལ་ཞབས་འདྲེན་མི་ངན་མང་པོ་ཡོད།།
ད་ལྟའི་དུས་འདིར་ང་ཚོས་དེ་ལ་འཛེམ།།
ན་ཆུང་གཞོན་ནུ་རྣམས་ཀྱིས་ཡིད་ལ་ཟུངས།།
པ་ཏྲའི་རི་མོ་བསྣོལ་འདྲའི་སློབ་གླིང་ནས།།
ཕ་མའི་རེ་བ་སྟོང་ཟད་མི་གཏོང་བར།།
བ་གླང་ལྟར་དུ་གོ་མེད་བྱས་གྱུར་ན།།
མ་རབས་ཐ་ཤལ་ཀུན་ཀྱི་བྱེད་ཕྱོགས་ཡིན།།
ཙག་ཙིག་བྱ་བ་ཕྱིར་འགྱངས་བྱས་གྱུར་ན།།
ཚྭ་ཁུ་ལྟ་བུའི་གཤིས་ངན་རྒྱུད་ལ་འབྱོར།།
ཝ་སྐྱེས་རྒྱལ་པོར་བསྐོས་བཞིན་ཐ་མ་ཡིན།།
ཞ་སྨྱུག་ལག་ཏུ་བཟུང་བའི་སློབ་མའི་ཚོགས།།
ཟ་མ་ཆུད་ཟོས་གཏོང་བའི་སྤྱོད་ངན་དེ།།
འ་ཅག་རྣམས་ཀྱིས་འདི་དག་སྤངས་པར་བྱ།།
ཡ་རབས་སྙིང་གྲོགས་ཁྱོད་ཀྱི་འོས་འགན་ནི།།
ར་ལུག་རྨིག་པའི་རྗེས་ལ་མི་བལྟ་བར།།
ལ་རྒྱའི་མགོ་བོ་ཁྱོགས་ལ་སློབ་གླིང་འགྲིམས།།
ཤ་ཡི་གསེང་ན་རུས་ཤིག་ཡོད་གྱུར་ན།།
ས་མཐོའི་ཡུལ་འདིར་ཕན་པའི་མི་ཞིག་བྱོས།།
ཧ་ཧ་ཧོབ་ཆ་མི་རྒྱག་སྙིང་གཏམ་འདིས།།
ཨ་རོགས་སྙིང་གྲོགས་ཁྱོད་ལ་ཕན་ངེས་ཡིན།།
ཧ་གོའི་བར་ལ་ཕན་པའི་བདུད་རྩི་འདི།།
ཨ་མདོའི་བུ་རབས་ཁྱོད་ཀྱི་སེམས་ལ་ཟུངས།།