ཕ་ཡུལ་གྱི་ཆུ་ཕྲན། ལྕགས་མོ་ཚེ་རིང་།

རྩོམ་པ་པོ།: 2013-05-10

རུས་མིང་། ལྕགས་མོ་ཚེ་རིང་།
འཛིན་གྲྭ དམའ་གསུམ་འཛིན་བདུན།

ཕ་ཡུལ་གྱི་ཆུ་ཕྲན།

        འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ན་འཕྱོ་བའི་ངའི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་གསེར་གཞུང་རིང་མོ། ངའི་བསམ་པའི་བརྩེ་དུང་གི་རྩིག་ལྡེབས་ངོས་སུ་ལྷམ་མེར་བཀྲ་བའི་བརྩེ་དུང་གི་རི་མོ་ཞིག་སྟེ་ལོ་ཟླའི་རླུང་འཚུབ་ཀྱིས་བསུབ་མི་ཐུབ་ཅིང་དུས་ཀྱི་ཆར་ཆུ་ཡིས་འཇིག་མི་ནུས་པ་ནི་ངའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དེ་ཡིན།
        རེད་ཡ། ང་སློབ་གྲྭ་ན་ཡོད་པའི་ཉིན་འདི་དག་གི་རིང་ལ་ངའི་བརྩེ་དུང་གི་ཆུ་ཁ་ན་རྦ་རླབས་བཞིན་འཕྱོ་བའི་ཕ་ཡུལ་གྱི་ཆུ་ཕྲན་ལགས། ངའི་བསམ་གཞིགས་ཀྱི་རི་རྩེ་ན་སྨུག་སྤྲིན་བཞིན་འཐིབ་པའི་ཕ་ཡུལ་གྱི་ཆུ་ཕྲན་ལགས། དེ་མིན་ངའི་རྨི་ལམ་གྱི་བང་རིམ་ན་ཉི་གྲིབ་ལྟར་གཡོ་བའང་ཕ་ཡུལ་གྱི་ཆུ་ཕྲན་ཁྱོད་ལགས། ཨ་ཆུ་ཕྲན་ལགས། ངའི་ནམ་ཡང་མཛེས་སྡུག་ཡིད་དུ་འོང་བའི་ཕ་ཡུལ་གྱི་རི་ཆུ་དེ་དྲན་ཡོང་། ངའི་ཕ་ཡུལ་གྱི་ཆུ་ཕྲན་དེ་ནི་སྙན་གྲགས་ཀྱི་བ་དན་ཕྱོགས་བཞིར་ཁྱབ་པའི་ཡན་ལག་བརྒྱད་ལྡན་གྱི་ཆུ་ཕྲན་ཞིག་ཡིན། དེས་ང་ཚོ་རྒན་གཞོན་རྣམས་ཀྱི་སྤོབས་སེམས་དང་རེ་བ་མཚོན། ཆུ་དེ་ནི་དཀོན་མཆོག་ལྷ་ལ་མཆོད་པའི་མཆོད་ཆུ་དང་རྟེན་འབྲེལ་བག་མ་བསུ་བའི་ཆུ་ཡིན། ཆུ་ཕྲན་དེས་ནོར་འཛིན་སྒེག་མོའི་ངོས་སུ་མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ་བྲིས།དེ་མིན་སྐྱེས་འགྲོ་ཀུན་ཀྱི་སྐོམ་པའི་གདུང་བ་སེལ་བཞིན་ལ་ལུང་མང་པོ་བརྒྱུད་དེ་བར་མེད་དུ་བཞུར། ངའི་ཆུ་ཕྲན་དེ་ཡིད་ལ་དྲན་ཐེངས་རེར་བསམ་པའི་དྲན་ཤེས་ཀྱི་ཡོལ་བའི་ངོས་ལ་འཆར་ཡན་གྱི་སྣང་བརྙན་མང་པོ་ཞིག་དབང་མེད་དུ་འཆར་འོངས། དེ་མིན་བརྗོད་བྱ་མི་གསལ་བའི་གཏམ་རྒྱུད་ཀྱི་འགྲོས་སྙན་མོ་ཞིག་ཀྱང་ངའི་ཐོས་འཛིན་གྱི་བུ་ག་བརྒྱུད་དེ་སེམས་ཀྱི་གཏིང་དང་གློ་རྒྱུའི་མཚམས་ན་ཆུ་ཕྲན་གྱི་བཞུར་སྒྲ་ལྷང་ལྷང་དུ་གྲགས་པའི་སྣང་བ་སྟེར་ཅིང་མཆིས། ཨ། ཆུ་ཕྲན་ལགས།
        ཆུ་ཕྲན་དེ་ནི་གནའ་སྔ་མོའི་དུས་ནས་ཡོད་པའི་ཆུ་ཕྲན་ཞིག་ཡིན་ལ། ང་ཚོ་ལ་དེ་ལྟ་བུའི་སྤོབས་སེམས་དང་ཡིད་ཆེས་ཟབ་མོ་ཡོད་ན་ཅི་མ་རུང་། ང་ཚོར་དེ་ལྟ་བུའི་མདུན་སྐྱོད་ཀྱི་དམིགས་འབེན་ཞིག་ཡོད་ན་ཅི་མ་རུང་། རེད་ཡ། ང་ཚོ་ལ་ཅིས་ཀྱང་ཡོད་དགོས། རྒྱུ་མཚན་ནི་ང་ཚོ་རི་ཁ་བ་ཅན་གྱི་གདུང་འདེགས་ཀྱི་ཀ་བ་དང་མ་འོངས་པའི་རེ་བ་་ཡིན་པས་ང་ཚོ་ལ་ཅིས་ཀྱང་སྤོབས་སེམས་དེ་ཡོད་དགོས། ང་ཚོས་མཁའ་དབྱིངས་ལ་ལྡིང་སྐོར་བྱེད་བཞིན་རྒྱང་རིང་ལ་མིག་མདའ་འཕེན། ང་ཚོས་དུས་ཀྱི་སྨིག་རིམ་ལ་བུ་ག་བརྟོལ་གྱིན་ཕུགས་འདུན་དང་རིམ་གྲོ་འཚོལ་ཕྱིར་མཉམ་དུ་འཕུར། ཆུ་བོ་ལ་ཆད་རྒྱུན་དང་བྲག་རིར་འཇིག་རྒྱུ་མེད་ན་ང་ཚོའི་སྤོབས་སེམས་དང་ཡིད་ཆེས་ལ་ནམ་ཡང་འགྱུར་བ་མེད། ངའི་ཕ་ཡུལ་གྱི་དྭངས་ཤིང་གསལ་བའི་ཆུ་བོ། གཏན་དུ་བཞུར་ཅིག  བསྐལ་བ་མ་སྟོང་བར་དུ་བཞུར་ཅིག  ང་ཚོས་ནམ་ཡང་ཁྱེད་ལ་བསྙེགས་ནས་ཡོད།