འཁྲུལ་བའི་ཉེ་དམིགས་ཀྱི་ཐལ་སྒྲ་རིང་མོ། བསམ་འཕེལ་དོན་གྲུབ།

རྩོམ་པ་པོ།: 2013-05-10

རུས་མིང་། བསམ་འཕེལ་དོན་གྲུབ།
འཛིན་གྲྭ  དམའ་གསུམ་འཛིན་བདུན།

འཁྲུལ་བའི་ཉེ་དམིགས་ཀྱི་ཐལ་སྒྲ་རིང་མོ།

ཕ་མའི་སྙིང་གི་གཅེས་ཕྲུག་སློབ་གྲྭར་བསྐྱལ་ཐལ།།
དམངས་སྒོར་བརྒྱ་ཕྲག་དུ་མའི་རྫོངས་པ་བྱིན་ཐལ།།
བུ་ཡིས་སྒོར་རྣམས་རྒྱལ་འཇོག་ཤོ་འཇོག་བྱས་ཐལ།།
རང་ལུས་གཙང་མ་ཨ་རག་དུ་བར་བརྗེས་ཐལ།།

ཕ་སྐད་གཙང་མ་སྦྲགས་སྐད་བསྲེས་མར་བརྗེས་ཐལ།།
མགོ་ཡི་སྐྲ་ལོ་ནག་པོའི་ཁ་དོག་བསྒྱུར་ཐལ།།
གསར་བུ་ཁོ་ཚོས་བལྟས་ནས་རྒྱན་དུ་བསམ་ཐལ།།
ཀུན་ཀྱིས་བལྟས་ན་བདུད་ཀྱི་ཆ་དང་འདྲ་ཐལ།།

རང་ལུས་རིན་ཆེན་གདོང་དམར་བོད་རྒྱུད་ཡིན་ཐལ།།
རུས་རྒྱུད་སྨྲིག་པོ་ལྡོང་ལས་མཆེད་པ་ཡིན་ཐལ།།
ཡ་ཆུང་གངས་དཀར་སེམས་ན་ལ་རྒྱ་མེད་ཐལ།།
སློབ་བུ་ཁྱོད་ཚོ་རིགས་འདིའི་ཞབས་འདྲེན་གྱུར་ཐལ།།

ཨ་མའི་བུ་མོ་མོ་ལོ་བཅོ་ལྔར་བུད་ཐལ།།
ཁ་དང་མཁུར་ཚོས་དུག་ཚོན་དམར་པོས་བརྒྱན་ཐལ།།
ཁ་སྤུ་སྨིན་མ་དྲེ་མག་ནག་པོས་བྲིས་ཐལ།།
ཀུན་ཀྱང་ཁྱོད་ཚོའི་རིག་གནས་རེ་ཐག་ཆད་ཐལ།།

ཞལ་རས་དུང་ཟླ་འདྲ་བོ་དེ་ལྟར་བརྫད་ཐལ།།
ལྕང་ལོ་འདྲ་བའི་ལན་བུའི་ཁ་དོག་བསྒྱུར་ཐལ།།
ཁ་དོག་བསྒྱུར་ནས་སྐྲ་སྣེ་འཁྱ་འཁྱུར་བྱས་ཐལ།།
ཡོད་ཚད་བསྒྱུར་ནས་བོད་པའི་ཆ་ལུགས་ཟད་ཐལ།།

གོ་རེ་རྩམ་པ་ལམ་བར་འདི་ནས་ཚར་ཐལ།།
མི་ཚེའི་ལམ་ཚ་སློབ་གླིང་འདི་ནས་ཚར་ཐལ།།
མཐའ་མར་རང་ཡུལ་གྲུ་བཞིར་ཡོང་ནས་བསྡད་ཐལ།།
ཕྱུགས་སྐྱོང་མ་ཤེས་ཉེས་དམིགས་སྣ་ཚོགས་དྲངས་ཐལ།།

གཉེན་ཉེ་ཁྱིམ་མཚེས་བར་ལ་འཁོན་ཁ་གཏུགས་ཐལ།།
རྩྭ་ས་རྩོད་གླེང་བྱས་ནས་ཕུ་ནུ་བསད་ཐལ།།
མྱ་ངན་གདུང་འབོད་དྲག་པོས་ཡུལ་ཁམས་གང་ཐལ།།
སྐབས་འདིར་ཁྱོད་རང་ནང་དམེས་ཉེས་ཅན་གྱུར་ཐལ།།