འཇལ་ཐབས་བྲལ་བའི་ཕ་ལོའི་དྲིན་ལན། ནོར་བུ་སྐྱིད།

རྩོམ་པ་པོ།: 2013-05-10

རུས་མིང་། ནོར་བུ་སྐྱིད།
འཛིན་གྲྭ  དམའ་གསུམ་འཛིན་བདུན།

འཇལ་ཐབས་བྲལ་བའི་ཕ་ལོའི་དྲིན་ལན།

        བདག་གི་ཨ་ཕ་ནི་ལོ་ངོ་སུམ་ཅུའི་སྔོན་གྱི་དྭངས་གཙང་གི་མཁའ་དབུགས་ཁྲོད་ནས་འཚར་ལོངས་བྱུང་ཞིང་། དུས་དེ་ནས་བཟུང་རྫི་བོའི་ལས་ལ་ཞུགས་པ་དང་། ཆུང་དུས་ནས་རིག་པའི་གཤོག་ཟུང་བརྐྱངས་ནས་ཤེས་རིག་གི་གླིང་ཀར་འགྲིམས་པའི་གོ་སྐབས་མ་བྱུང་ནའང་། དུས་ད་ལྟ་ངའི་ཨ་ཕ་སྲོལ་རྒྱུན་གྱི་བསམ་བློ་རྙིང་བ་ལས་བརྒལ་ཏེ་དུས་རབས་ཀྱི་འགྲོས་དང་མཐུན་པའི་བསམ་བློའི་གོ་རྟོགས་གསར་བ་ཞིག་ཡོད། ཁྱེད་ཀྱི་བློ་རིག་མྱུར་མོ་རལ་གྲི་ངོ་གཉིས་དང་མཚུངས་ལ། བློ་ཁོག་ཡངས་པོ་སྔོ་བསངས་ནམ་མཁའ་ལས་དཀྱེལ་ཡངས་པའོ།། གཞན་ཁྱེད་ཀྱི་བྱམས་བརྩེ་དགུན་སློག་སྐྱ་བོ་ལས་ཀྱང་དྲོ་བའི་འོག་བུ་མོ་ངའི་ལང་ཚོ་ཡི་གཉོམ་ལག་རྒྱས་ནས་ཤེས་བྱའི་གནས་ལ་འགྲིམ་པ་དང་མི་ཚེའི་རིན་ཐང་ཅུང་ཙམ་རྟོགས་ཡོད།
       བཀའ་དྲིན་རི་རབ་ལས་མཐོ་ལ་བརྩེ་བ་རྒྱ་མཚོ་ལས་ཀྱང་ཟབ་པའི་སྨན་ཆུང་བུ་མོ་ང་ཡི་ཡ་ཆུང་སེམས་ཁོངས་དང་རུས་རྐང་གཅིག་གི་གཏིང་རིམ་ན་གནས་པའི་རླབས་ཆེན་ཨ་ཕ་ལགས། ཁྱེད་ཀྱི་བླ་མེད་ཀྱི་ལང་ཚོའི་མྱུ་གུ་རིང་མོ་ནོར་ནག་དང་ལུག་ཁྱུའི་རྨུག་རྗེས་ཁྲོད་དང་མདོ་རིག་རྟ་ཕོའི་གོང་ནས་ཚར་དང་ཚར་བཞིན་ཡོད་པ་མ་ཟད། གདོང་ལ་གཉེར་མའི་གྲོག་གིས་གང་ལ། དབུ་སྐྲ་དཀར་པོའི་ཉག་མ་རེ་རེ་དང་། ལུས་ཟུངས་ཀྱི་ཁྲག་ཐིགས་རེ་རེ་ང་དང་ཕུ་བོའི་ཆེད་དུ་བློས་བཏང་ཟིན། དེའི་དབང་གིས་ཁྱོད་གནས་སའི་མཐོ་སྒང་དེའི་གྲང་རེག་གི་ངར་ཁ་རལ་གྲི་བཞིན་རྒོད་པའི་ཙག་རླུང་ཁྲོད་ཀྱི་རྐང་ལག་ལ་བཟོས་པའི་སེར་ཁ་རེ་རེ་བུ་མོ་ངས་སྙིང་ཁོང་རུས་པའི་གཏིང་ལ་བཅངས་ནས་སློབ་ལ་ཧུར་ཐག་བྱེད་བཞིན་ཡོད་ལགས།
        རེད་ཡ། ཨ་ཕ་ལགས། དུས་ད་ལྟ་ཁྱེད་ཀྱི་བུ་མོ་ང་ཡང་ནར་སོན་འདུག  ངས་རང་ཚུགས་ཀྱི་བསམ་བློ་བདག་འཛིན་ཐུབ་ཡོད་ལ། ངའི་ཡིད་ཆེས་ཀྱི་སྤོབས་པར་ལང་ཚོ་རྒྱས་ཡོད། ཨ་ཕ་ལགས། ད་ལྟ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་འདི་ན་ཤེས་རིག་གི་འདོ་བ་ལ་བཅིབས་ནས་བརྩོན་འགྲུས་ཀྱི་ལྕག་གིས་བསྐུལ་བཞིན་པ་དེ་དང་། དྭངས་གཙང་ཤེས་རིག་གི་མཁའ་རུ་གཤོག་ཟུང་བརྐྱངས་ནས་དབྱིངས་ནས་དབྱིངས་ལ་འཕུར་བཞིན་པ་དེ་ནི་བྱ་བའི་འཇུག་ལྡོག་གི་ཆ་ལ་ཕྱིན་ཅི་མ་ལོག་པའི་ཁྱེད་ཀྱི་བུ་མོ་ང་རང་ཡིན་མོད། ཁྱེད་ཀྱི་དྲིན་ལན་ཚེ་འདི་ཕྱི་གཉིས་ལ་ཡང་འཇལ་ཐབས་བྲལ། གལ་ཏེ་ཁྱེད་མེད་ན་ང་ཤེས་རིག་གི་གླིང་ཀར་འགྲིམས་པའི་བསྐལ་བ་མེད་ལ། འཇིག་རྟེན་གྱི་ངོ་མཚར་བའི་ལྟད་མོ་དེ་དག་ཀྱང་མཐོང་ག་ལ་ཐུབ།
        མཐོ་སྒང་གི་རྣམ་ཤེས་གསོན་པོ་སྟེ། དྲིན་ཆེན་གྱི་ཨ་ཕ་ལགས། ཁྱེད་ཀྱི་དྲིན་ལན་ཚེ་འདི་ཕྱི་གཉིས་ལ་འཇལ་ཡང་ངོ་མ་འཇལ་ཐབས་བྲལ།